དཀར་མཛེས་རྟའུ་རྫོང་དབུས་ཐང་མ་ཕྱོགས་སུ་མེ་སྐྱོན་ཆེན་པོ་བྱུང་འདུག

དཀར་མཛེས་རྟའུ་རྫོང་ཁོངས་གཡུ་ཁོག་ས་གནས་ཀྱི་དབུས་ཐང་མ་ཡུལ་ཚོའི་ཐོག་མེ་སྐྱོན་ཆེན་པོ་བྱུང་འདུག

དཀར་མཛེས་རྟའུ་རྫོང་དབུས་ཐང་མ་ཕྱོགས་ཀྱི་མེ་སྐྱོན་བྱུང་ཡུལ། ༢༠༡༨།༤།༢༤ བོད་འབྱོར།

དཀར་མཛེས་རྟའུ་རྫོང་ཁོངས་གཡུ་ཁོག་ས་གནས་ཀྱི་དབུས་ཐང་མ་ཡུལ་ཚོའི་ཐོག་མེ་སྐྱོན་ཆེན་པོ་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། ད་ལྟ་རང་ཆུ་ཚོད་ཁ་ཤས་གོང་སྤྱི་ཟླ་༤་བའི་ཚེས་༢༤་ཉིན། དཀར་མཛེས་རྟའུ་རྫོང་ཁོངས་གཡུ་ཁོག་ས་གནས་ཀྱི་དབུས་ཐང་མ་ཡུལ་ཚོའི་ཐོག་མེ་སྐྱོན་བྱུང་ནས་ས་གནས་ཡུལ་མིའི་སྡོད་ཁང་མང་པོ་མེ་ཡིས་འཚིགས་ཡོད་པ་རེད་འདུག
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། དབུས་ཐང་མ་ཡུལ་ཚོའི་ཐོག་གི་ས་གནས་བོད་མི་ཚོའི་སྡོད་ཁང་མང་པོ་བོད་ཀྱི་བཟོ་བཀོད་དང་ཤིང་གིས་བཟོས་ཡོད་པར་བརྟེན་མེ་སྐྱོན་སྐབས་མེ་ཤུགས་ཆེན་པོ་འབར་བ་དང་། ལྷག་དོན་མེ་སྐྱོན་བྱུང་ཡུལ་རྟའུ་རྫོང་དང་བར་ཐག་རིང་བར་བརྟེན་མེ་གསོད་རུ་ཁག་མ་འབྱོར་བ་སོགས་ལ་བརྟེན་ཡུན་རིང་མེ་འབར་ནས་ཁང་པ་མང་པོ་འཚིགས་ཡོད་ཀྱང་མི་སྣ་ཤི་རྨས་བྱུང་ཡོད་མེད་ད་དུང་ཁ་གསལ་མེད་པ་བརྗོད་བྱུང་།
མེ་སྐྱོན་གྱི་རྒྱུ་རྐྱེན་སྐོར་རྩད་གཅོད་བྱས་ཀྱང་ཁ་གསལ་གསུངས་ཐུབ་མཁན་མི་འདུག
མེ་སྐྱོན་བྱུང་ཡུལ་ནི་རྒྱ་ནག་གིས་ཆ་བགོས་བྱས་བའི་ད་ལྟའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་ཁོངས་གཏོགས་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org