སྔ་ལོ་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཉུང་དུ་ཕྱིན་པ།
སྔ་ལོ་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་འགྲུལ་པའི་གྲངས་འབོར་བརྒྱ་ཆ་གཉིས་ཉུང་བ་བྱུང་ཡོད་ལུགས་བསྡོམས་རྩིས་བཏོན་ཡོད་པ།
-
2009-01-08 -
-
-
༄༅༎སྔ་ལོ་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་འགྲུལ་པའི་གྲངས་འབོར་བརྒྱ་ཆ་གཉིས་ཉུང་བ་བྱུང་ཡོད་ལུགས་རྒྱ་ནག་གཞུང་གི་བསྡོམས་རྩིས་བཏོན་ཡོད་པ་དང་དེ་ནི་འདས་པའི་ལོའི་ནང་པེ་ཅིང་དུ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་མ་ཚུགས་གོང་བདེ་འཇགས་ཐོག་དོ་དམ་ཤུགས་ཆེ་བྱས་པ་དང་འཛམ་གླིང་ནང་དཔལ་འབྱོར་ཉམ་རྒུད་ཀྱི་དཀའ་ངལ་བྱུང་བའི་རྟགས་མཚན་གསལ་པོ་ཞིག་ཡིན་པ་རེད།
ཁ་ས་རྒྱ་ནག་རྒྱལ་ཡོངས་ཡུལ་སྐོར་སྤྲོ་འཆམ་འཛིན་སྐྱོང་ལས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་བཏོན་གསལ་ལྟར་ན་༢༠༠༨ལོར་རྒྱ་ནག་ནང་ཕྱི་ཕྱོགས་ནས་ཡོང་མཁན་འགྲུལ་པའི་གྲངས་འབོར་ས་ཡ་བརྒྱ་དང་སུམ་ཅུ་བར་མར་ཆགས་ཡོད་པ་རེད། དེ་བཞིན་གཞུང་འབྲེལ་རྒྱ་ནག་ཉིན་རེའི་གསར་ཤོག་ནང་གནས་ཚུལ་བཀོད་ཐོན་ལ་གཞིགས་ན་༢༠༠༨ལོའི་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་མར་ཆག་པ་དེ་ནི་༢༠༠༣ནས་ད་བར་འགྲུལ་བའི་གྲངས་འབོར་ཉུང་དུ་ཕྱིན་པ་ད་རེས་ཐོག་མ་དེ་ཆགས་ཡོད་པ་རེད། གོང་ཞུས་གསར་ཤོག་དང་དྲ་རྒྱ་གཉིས་ཐོག་གསལ་བསྒྲགས་བྱས་པའི་གནས་ཚུལ་དེའི་ནང་སྔ་ལོ་རྒྱ་ནག་ནང་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཉུང་དུ་འགྲོ་དགོས་པའི་རྒྱུ་མཚན་གཞན་གསལ་བཏོན་བྱས་མེད་ཅིང་དཔེར་ན་ཨོ་ལིམ་པིག་རྩེད་འགྲན་སྐབས་ངོ་རྒོལ་བྱེད་མཁན་རིགས་འགོག་ཐབས་སུ་ཕྱི་རྒྱལ་མི་རིགས་ཚོར་རྒྱ་ནག་ནང་ཡོང་ཆོག་པའི་ཐོངས་མཆན་ལྦི་ཛ་སྤྲོད་རྒྱུའི་སྲིད་བྱུས་དམ་དུ་བཏང་བ་ལ་སོགས་པའི་དངོས་ཡོད་ཀྱི་རྒྱུ་མཚན་དེ་ཚོ་འགྲེལ་བཤད་བྱས་མེད་པ་རེད།
རྒྱ་ནག་གིས་སྔ་ལོ་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཉི་ཤུ་བཞི་བར་ཨོ་ལིམ་པིག་རྩེད་འགྲན་དངོས་སུ་ཚུགས་པའི་སྐབས་སུ་ཕྱི་རྒྱལ་འགྲུལ་པ་འབུམ་ལྔ་ཙམ་རྒྱ་ནག་ནང་ཡོང་རྒྱུའི་རེ་བ་བྱས་ཡོད་ནའང་རྩེད་འགྲན་ཚུགས་རྒྱུའི་དུས་ཚོད་ཉེ་རུ་འགྲོ་བཞིན་པའི་སྐབས་དེར་ཕྱི་རྒྱལ་མི་རིགས་ཚོར་ཐོངས་མཆན་སྤྲོད་རྒྱུའི་ཐོག་ཚོད་འཛིན་བྱས་ཡོད་པ་རེད། ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ལ་འགྲུལ་བཞུད་འགྲོ་སོང་ཆེ་དྲག་པའི་དཀའ་ངལ་འཕྲད་ནས་ལྟ་སྐོར་འགྲོ་རྒྱུ་ཕྱིར་འཐེན་བྱས་པ་དང་དེ་མིན་མང་པོ་ཞིག་ལ་ཐོངས་མཆན་མ་རག་པའི་དཀའ་ངལ་འཕྲད་ཡོད་པ་རེད། གྲོང་ཁྱེར་པེ་ཅིང་གི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན་སྔ་ལོ་ཕྱི་ཟླ་བརྒྱད་པའི་ནང་ཧོང་ཀོང་དང་ཨོ་མན།ཐའེ་ལྦན་ཐེ་པའི་འཛམ་གླིང་གི་ས་ཁུལ་གཞན་ནས་པེ་ཅིང་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་མི་གྲངས་གསུམ་འབུམ་བརྒྱད་ཁྲི་དགུ་སྟོང་བྱུང་འདུག