དེ་རིང་བོད་ནང་བོད་མི་ལྔས་རང་ལུས་མེ་བསྲེགས་བཏང་འདུག
དེ་རིང་ཚེས་༧ཉིན་བོད་མདོ་སྨད་རེབ་གོང་དང་། རྔ་བ། ནག་ཆུ་འབྲི་རུ་བཅས་ནས་སྔ་ཕྱིར་བསྡོམས་པས་བོད་མི་ལྔས་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག
-
2012-11-07 -
-
-
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་རིམ་པས་གནས་ཚུལ་འབྱོར་བ་ལྟར། རེབ་གོང་གི་གནས་ཚུལ་ཐད་བསྟན་འཛིན་རབ་རྒྱས་དང་རྡོ་རྗེ་དབང་ཕྱུག་ཟུང་གིས་བཏང་དོན། དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༥ དང་སྐར་མ ༣༠ ་སྟེང་། རེབ་གོང་མདོ་བ་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བ་ནས་ཡིན་པ་རྟ་མགྲིན་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་འདུག
རྟ་མགྲིན་མཚོ་ལགས་ནི། ད་ལྟ་རང་ལོ་ ༢༣ ཡིན་པ་དང་། ཕ་རྟ་མགྲིན་སྐྱབས་སམ་རྟམ་ཁོ་༼ལོ ༥༠༽ དང་མ་དཀོན་མཆོག་མཚོ་༼ལོ་ ༤༤༽ཡིན་པ་གཉིས་ལ། བུ་གཅིག་དང་བུ་མོ་གཉིས་བཅས་བུ་ཕྲུག་གསུམ་ཡོད་པའི་ནང་གི་རྒན་པ་དེ་ཡིན་ལ། ནུ་བོ་ལྷ་མོ་སྐྱབས་ད་ལྟ་ལོ་ ༢༠ དང་། ནུ་མོ་རི་ལངས་མཚོ་ད་ལྟ་ལོ་ ༡༡ ཡིན་འདུག རྟ་མགྲིན་མཚོ་ལ་བུ་གཅིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་དང་ད་ལྟ་ལོ་ ༦ ཡིན་འདུག
དེ་རིང་ས་གནས་རང་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རང་ལུས་མེར་བསྲེགས་སྐབས། རྟ་མགྲིན་མཚོས་ “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས” ་ཞེས་སྐད་འབོད་དང་བཅས་རང་ལུས་མེར་བསྲེགས་བཏང་འདུག་ལ། རང་ལུས་མེར་བསྲེགས་གཏོང་ས་ནི། རེབ་གོང་མདོ་བ་ཞང་དང་ཀི་ལོ་མི་ཊར་བཅོ་ལྔའི་སར་ཡོད་པའི་སྒྲོ་རོང་པོའི་གད་དམར་ཐང་ཟེར་བ་དེ་ཡིན་པ་དང་། གད་དམར་ཐང་ནི་རེབ་གོང་མདོ་བ་སྒྲོ་རོང་པོའི་ས་དཀྱིལ་དང་། དེར་སློབ་གྲྭ་དང་ཚོང་ཁང་སོགས་ཡོད་ཅིང་། འབྲོག་ཁུལ་དེའི་མི་རྣམས་འདུས་ཡུལ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད།
རྟ་མགྲིན་མཚོའི་སྐོར་མུ་མཐུད་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཟླ་ཤས་ནས་ཁོང་མོས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་དམིགས་ཏེ། མ་ཎི་གསོག་སྒྲུབ་དང་། སྨྱུང་གནས་སྡོམ་པ་སྲུང་བ། མཆོད་མེ་འབུལ་བ་སོགས་དགེ་སྒྲུབ་ལ་འབད་ཡོད་ཅིང་། དེ་རིང་ཁོང་མོ་རང་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་འདི་བྱུང་བ་རེད་ཅེས་ས་གནས་ཀྱི་མིས་འགྲེལ་བརྗོད་བྱེད་ཀྱི་འདུག
མེར་བསྲེགས་བཏང་རྗེས་ཀྱི་གནས་ཚུལ་སྐོར་ལ། དེ་རིང་གནས་ཚུལ་འདི་སྐོར་གང་སར་ཁྱབ་པ་ལ་བརྟེན་ནས། དགོང་དྲོར་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སུམ་སྟོང་བརྒལ་བ་གད་དམར་ཐང་ལ་འཛོམས་ནས་ཀི་ལྡིར་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་ཡོད་འདུག་ལ། དེ་རིང་གཅིག་པུར་ས་ཐག་ཉེ་རྒྱང་ནས་དགོན་སྡེ་དང་གྲོང་སྡེ་མང་པོ་ནས་མི་མང་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཞུ་བར་འབྱོར་དང་འབྱོར་མུས་ཡིན་པ་དང་། རླངས་འཁོར་སུམ་བརྒྱ་བརྒལ་བ་གད་དམར་ཐང་དུ་འཛོམས་འདུག། ད་དུང་ཡང་མུ་མཐུད་ཐག་ཉེ་རིང་གི་མི་མང་པོ་འབྱོར་བཞིན་ཡོད་འདུག
དེ་རིང་གི་གནས་ཚུལ་འདི་བྱུང་རྗེས། ས་གནས་ཀྱི་གཞུང་དང་ཉེན་རྟོག་པ། དམག་མི་བཅས་ཀྱིས་དམ་དྲག་བྱེད་པ་སོགས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དྲིས་པར། རྩ་བས་འབྲོག་ཁུལ་ཡིན་པ་དང་། རྫོང་དང་ཞང་ལ་ལམ་ཐག་རིང་བས་ཡིན་ནམ་གང་ལྟར། ད་ལྟའི་ཆར་ནི་དམ་དྲག་སོགས་ཀྱི་གནས་ཚུལ་གང་ཡང་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག།
ཡང་རྔ་བའི་གནས་ཚུལ་ཐད་འདི་ག་རླུང་འཕྲིན་ཁང་ལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་དོན། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་༣ ཡས་མས་ཤིག་ལ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲྭ་རྡོ་རྗེ་ནི། བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཡུལ་ཚོ་ཚོ་དྲུག་སྡེ་པ་ནས་ཡིན་པའི་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་ཡིན་པ་དང་། རང་ལོ་༡༥ ཡིན་འདུག ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་(ལོ་སྔོན་མར་གྲོངས་ཟིན་འདུག)ཟེར་གྱི་ཡོད་འདུག གྲྭ་བསམ་འགྲུབ་ནི་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་ཡིན་པ་དང་། རང་ལོ་༡༦ ཡིན་འདུག ཕ་མིང་ལ་བསོད་དར་དང་། མ་མིང་ལ་པ་སངས་ཟེར་གྱི་ཡོད་འདུག གྲྭ་རྡོ་རྗེ་སྐྱབས་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་ཡིན་པ་དང་། རང་ལོ་༡༦ ། ཕ་མིང་ལ་ཚེ་རིང་དོན་འགྲུབ་ཟེར་གྱི་ཡོད་འདུག
ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང་། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་༡༥ ཡིན་པའི་གྲྭ་རྡོ་རྗེ་དེ་མ་ཐག་སྐུ་གྲོངས་ཡོད་ཅིང་། བསམ་འགྲུབ་དང་རྡོ་རྗེ་སྐྱབས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་། རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་། རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་རྒྱ་ནག་གཞུང་གིས་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་དྲག་བཀག་སྡོམ་ནན་མོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཡུལ་ཚོ་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་དྲག་ནན་མོ་བྱེད་མུས་ཡིན་འདུག་པས། རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྲལ།
རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཡིན་ཞིང་། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་༡༣༠ ཙམ་ཡོད་འདུག རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་༡༢ ལྷག་གི་མཚམས་སུ་ཆགས་ཡོད་པ་རེད།
ཡང་རིམ་པས་འབྲི་རུ་ཕྱོགས་ཀྱི་གནས་ཚུལ་འབྱོར་དོན། དེ་རིང་ཟླ་༡༡་ཚེས་༧་ཉིན་གྱི་དགོང་མོ་ཆུ་ཚོད་༨་པ་ཙམ་ལ། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ། འབྲི་རུ་རྫོང་ཁོངས། བན་དཀར་ཤང་གི་ལས་ཁུངས་ཡོད་སར་བོད་མི་ཞིག་གིས་རང་ལུས་མེ་སྲེག་བཏང་ནས་རྒྱ་ནག་གཞུང་ལ ངོ་རྒོལ་བྱས་ཡོད་པ་ཕ་ཡུལ་བན་དཀར་རང་ནས་ཡིན་ཅིང་ད་ལྟ་རྒྱ་གར་ན་ཡོད་པ་མིང་འབོད་འདོད་མེད་མཁན་ཞིག་གིས་ངོ་སྤྲོད་བྱས་བྱུང༌།
ཁོང་གིས་གནས་ཚུལ་དེ་བདེན་པ་ཡིན་ཀྱང་། ད་ལྟར་ཆར་ས་གནས་སུ་དམ་དྲག་དབང་གིས་ཁ་པར་མི་འགྲོ་བས་ཁོང་གི་མིང་དང་ལོ་ཚད། གྲོང་ཚོ་གང་ནས་ཡིན་མིན་སོགས་ཤེས་ཐབས་མི་འདུག་ཅེས་གསུངས་བྱུང་།
སྤྱིར་འབྲི་རུ་རྫོང་ཁོངས་ནས་ད་བར་བོད་མི་གསུམ་གྱིས་རང་ལུས་མེ་སྲེག་བཏང་ཡོད་པ་དང༌། དེའི་ནང་ནས་ཟླ་༡༠་ཚེས་༢༥་ཉིན། བན་དཀར་ཤང་རང་ནང་དུ་བོད་མི་ཚེ་སྤོ་དང་། བསྟན་འཛིན་གཉིས་ཀྱིས་རང་ལུས་མེ་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ཡོད་པ་ལས། ཚེ་སྤོ་དེ་མ་ཐག་འདས་གྲོངས་སོང་བ་དང༌། བསྟན་འཛིན་རྒྱ་མིས་ཁུར་ནས་ད་ལྟའི་ཆར་ཤེས་རྟོག་མེད་པ་རེད།
དེ་ལྟར་བྱས་ན་རྒྱ་ནག་གི་ཚོགས་ཆེན་ཚོགས་ལ་ཉེ་བའི་སྐབས་ཀྱི་དེ་རིང་ཚེས་༧ཉིན་བོད་མདོ་སྨད་རེབ་གོང་དང་། རྔ་བ། ནག་ཆུ་འབྲི་རུ་བཅས་ནས་སྔ་ཕྱིར་བསྡོམས་པས་བོད་མི་ལྔས་བོད་དོན་ཆེད་རང་ལུས་མེ་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཉིན་གཅིག་ནང་བོད་མི་ལྔས་རང་ལུས་མེ་བསྲེགས་བཏང་བ་ཐོག་མ་དང་། གནས་ཚུལ་ཛ་དྲག་ཇེ་ཆེ་ལ་འགྲོ་བཞིན་པ་ཡིན་འདུག