༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་ཡིག་རྫུན་མ་ཞིག་སྤྱི་ཚོགས་དྲ་ལམ་དུ་འགྲེམས་སྤེལ་བྱུང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཡིག་རྫུན་མ་བཟོས་ཏེ་སྤྱི་ཚོགས་དྲ་ལམ་ཁག་དུ་འགྲེམས་སྤེལ་བྱས་པ་དེ། ༧གོང་ས་མཆོག་ལ་མཚན་ཤས་ཡིན་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡོང་ཁྱབ་བཀའ་ཡིན་ཞིག་བསྩལ་འདུག
-
2020-09-21 -
-
-
Your browser doesn’t support HTML5 audio
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ཟླ་༩ ཚེས་༢༡ ཉིན། ཡོངས་ཁྱབ་བཀའ་ཡིག་ཅིག་བསྩལ་བའི་ནང་། ད་ལམ་ཕྱི་ལོ་༢༠༢༠ཟླ་༩ ཚེས་༢༠ འཁོད་པའི་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་ཡིག་རྫུན་མ་ཞིག་སྤྱི་ཚོགས་དྲ་ལམ་དུ་འགྲེམས་སྤེལ་བྱུང་འདུག་པའི་ཐད། སྤྱིར་ཡིག་འཁྱམ་ཁག་ལ་ལན་འདེབས་བྱེད་དགོས་མེད་ཀྱང་། ལས་ཤོག་དང་སྦུག་ཐམ་རྫུན་མའི་དབང་གིས་རྒྱུས་མངའ་མེད་པ་རྣམས་མགོ་བོ་རྨོངས་ཉེན་མ་ཟད། འདི་གར་འདྲི་རྩད་བྱེད་མཁན་ཡང་ས་ཁུལ་གང་ས་ནས་མང་དག་ཅིག་ཡོང་བཞིན་པར་བརྟེན། དོགས་སེལ་གསལ་བསྒྲགས་ཤིག་དགོས་གལ་མཐོང་བས་གསལ་བཤད་ཞུ་རྒྱུར། བཀའ་ཡིག་རྫུན་མ་དེ་བཞིན་༸གོང་ས་མཆོག་གི་བཀའ་ཡིག་མིན་པར་རྫུན་གཏམ་ཁོ་ན་ཡིན་པ་མ་ཟད། ༸་གོང་ས་མཆོག་ལ་མཚན་ཤས་དང་། བོད་མིའི་མཐུན་སྒྲིལ་ལ་གནོད་གཞིའི་དམིགས་ཡུལ་ངན་བཅངས་ཡིན་པ་ཤིན་ཏུ་གསལ་བས་སུས་ཀྱང་ཡིད་ཆེས་གནང་དགོས་མེད་ཞེས་བཀོད་འདུག
དགའ་ལྡན་ཕོ་བྲང་ཚང་ནས་བཀའ་ཡིག་འདི་གནང་དགོས་དོན་ནི། འདི་ཚེས་༢༠་ཉིན་སྤྱི་ཚོགས་དྲ་ལམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལས་ཤོག་དང་། སྦུག་ཐམ་རྫུན་མ་བཟོས་པའི་ཡིག་འཁྱམ་ཞིག་བཀྲམས་ཡོད་པ་དེ་ལ་བརྟེན་ནས་ཡོངས་ཁྱབ་བཀའ་ཡིག་གནང་བ་ཞིག་ཡིན་འདུག
༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལས་ཤོག་དང་། སྦུག་ཐམ་རྫུན་མ་བཟོས་པའི་ཡིག་འཁྱམ་དེའི་ནང་། དད་ལྡན་སེར་སྐྱ་མི་མང་ཡོངས་ལ་ཞུ་རྒྱུར་སྲིད་སྤྱི་གཉིས་ཀྱིས་འོས་བསྡུའི་སྐབས་སུ། མི་མང་རང་ཉིད་ཀྱིས་ངོས་ནས་ཆ་ཤས་ལེན་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་ཞིག་རེད། ཡིན་ནའང་།སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་ནས་ད་བར་ལྷག་བསམ་རྣམ་དག་གིས་ཕྱག་ལས་རླབས་ཆེན་དེ་དག་ལ་བཀའ་དྲིན་དྲན་པའི་སྒོ་ནས་ཉིས་སྟོང་ཉེར་ཅིག་གིས་སྲིད་སྐྱོང་དེ་ད་ལྟའི་སྲིད་སྐྱོང་གི་ལས་འཇུག་སྐྱོང་མཁན་མི་བུ་རྣམ་དཔྱོད་དང་ལྡན་པ་ཞིག་འོས་འདེམས་བྱེད་དགོས་པ་ལས་ལབ་གླེང་དང་། རྩོད་གཞི་ཅན་གྱི་མི་ཞིག་ནམ་ཡང་འོས་མིའི་གྲས་སུ་མེད་པ་བྱེད་རྒྱུ་དེ་བོད་མི་ཚང་མའི་འགན་འཁྲི་ཡིན་པས་ནམ་ཡང་ལྷོད་མེད་དུ་མི་ཡོང་བ་བྱ་རྒྱུ་དེ་ཡིན་པས། དེ་དོན་སེར་སྐྱ་མི་མང་ཡོངས་ནས་དགོངས་པ་བཞེད་གལ་ཆེ་ཞེས་ཡིག་འཁྱམ་ཞིག་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལས་ཤོག་དང་སྦུག་ཐམ་རྫུན་མའི་སྟེང་བཟོས་ཏེ་འགྲེམས་སྤེལ་བྱས་ཡོད་པ་དེ་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡོངས་ཁྱབ་བཀའ་ཡིག་གནང་ཡོད་པ་རེད།
ཡང་བཀའ་ཡིག་དེའི་ནང་༸གོང་ས་མཆོག་ནས་ཕྱི་ལོ་༢༠༡༡ ལོར་ཆབ་སྲིད་ཀྱི་ཐུགས་འགན་མཚམས་བཞག་གནང་བ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་ལས་རིམ་ནང་ཐེ་བྱུས་གནང་གི་མེད་པ་ཀུན་གྱིས་མཁྱེན་གསལ་དང་། དེ་སྔོན་ཡང་བཀའ་ཡིག་ ཕྱག་རྟགས་ལྗགས་རྩོམ་སོགས་ རྫུན་བཟོས་ཀྱིས་མང་ཚོགས་མགོ་སྐོར་གཏོང་ཐབས་བྱེད་མཁན་རེ་ཟུང་བྱུང་ཡོད་ཅིང་། ད་ལན་ཡང་གནས་ཚུལ་འདི་བཞིན་བྱུང་བ་དང་། འབྱུང་འགྱུར་ཡང་འདི་རིགས་ཡོང་སྲིད་ན། མང་ཚོགས་ནས་སྤྱང་གྲུང་དང་ཚོར་སྣང་རྐྱེན་པོས་ཐུགས་གཟབ་གནང་དགོས་དགོངས་འཇགས་ཞུ་ཞེས་བཀའ་ཡིག་ནང་འཁོད་འདུག།