༸གོང་ས་མཆོག་ཕེ་རན་སིའི་ཆིབས་བསྒྱུར་ཕྱིར་འཐེན་གནང་བ།

༸གོང་ས་མཆོག་ཟླ་བ་རྗེས་མའི་ནང་ཕེ་རན་སི་ལ་ཆིབས་བསྒྱུར་བསྐྱང་འཆར་ཡོད་པ་དེ་ཕྱིར་འཐེན་གནང་ལུགས་དུས་དེབ་གཅིག་གིས་གནས་ཚུལ་སྤེལ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ནང་ཕེ་རན་སི་ལ་ཆིབས་བསྒྱུར་བསྐྱང་འཆར་ཡོད་པ་དེ་ཕྱིར་འཐེན་གནང་ལུགས་ཡུལ་དེའི་བདུན་རེའི་དུས་དེབ་གཅིག་གིས་གནས་ཚུལ་སྤེལ་འདུག

ཕེ་རན་སིའི་བདུན་རེའི་དུས་དེབ་ཇར་ནེལ་དྲུ་ཌི་མའན་ཤེ་ཞེས་པས་གཟའ་སྤེན་པའི་ཉིན་གནས་ཚུལ་སྤེལ་དོན་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཉིས་པའི་ནང་ཕེ་རན་སི་ནང་ཆིབས་བསྒྱུར་བསྐྱང་འཆར་ཡོད་པ་དང་སྐབས་དེར་ཡུལ་དེའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་ལུགས་ཕེ་རན་སི་གཞུང་གིས་གསུངས་ན་ཡང་ད་ཆ་༸གོང་ས་མཆོག་འཆར་ཟླའི་ནང་ཕལ་ཆེར་ཕེ་རན་སི་ནང་ཆིབས་བསྒྱུར་གནང་རྒྱུ་མིན་ཞིང་༸གོང་ས་མཆོག་གི་ཕེ་རན་སིའི་གསུངས་བསྒྱུར་མེ་ཐིའུ་རི་ཁའཌེ་ཡིས་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སི་ནང་ཕྱི་ཟླ་བཅུ་གཉིས་པའི་ནང་ཆིབས་བསྒྱུར་བསྐྱང་འཆར་མེད་པ་དང་གསུངས་བསྒྱུར་ཁོང་རང་ཡང་ཕེབས་འཆར་མེད་སྐོར་གོང་ཞུས་དུས་དེབ་དེར་གསུངས་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཕེ་རན་སི་ནང་ཆིབས་བསྒྱུར་བསྐྱངས་ནས་བདུན་ཕྲག་གཉིས་ཙམ་བཞུགས་སྐབས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དང་དུས་མཉམ་འཁེལ་པར་བརྟེན་ནས་ཕེ་རན་སིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་བྱུང་མེད་སྟབས་ཕེ་རན་སིའི་གཞུང་གིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་དང་ཕྱི་ལོ་༡༩༤༨ལོར་ཕེ་རན་སིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དེ་ལག་བསྟར་གནང་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་ཆེན་ཉིན་༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org