ནོར་ལྦེ་གཞུང་ལ་གདུང་སེམས་མཉམ་བསྐྱེད།

བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ནོར་ལྦེ་གཞུང་དམངས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་པ་རེད་

༄༅༎ཁ་ཉིན་རེས་གཟའ་སྤེན་པ་ཉིན་ནོར་ལྦེ་རྒྱལ་ས་ཨོསི་ལོའི་སྲིད་བློན་ལས་ཁུངས་ཀྱི་ཉེ་འགྲམ་དུ་འབར་རྫས་གས་ཐོར་དང་མཚོ་གླིང་ཞིག་ཏུ་མི་ཞིག་གིས་མེ་མདའ་རྒྱབ་ནས་མི་གྲངས་ ༩༣ རྐྱེན་ལམ་དུ་བཏང་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཡུལ་དེའི་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད་ དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གི་ཕྱག་བྲིས་དེའི་ནང་། ནོར་ལྦེ་རྒྱལ་ཁབ་ཀྱིས་བོད་ཀྱི་གནད་དོན་ལ་གཟིགས་ཕྱོགས་དང་དེ་བཞིན་འཛམ་གླིང་ནང་དཀའ་རྙོག་གང་དུ་ཡོད་སར་ནོར་ལྦེའི་ཡུལ་གྱིས་དེ་དག་གང་ཐུབ་སེལ་ཐབས་གནང་བཞིན་ཡོད་པ་དང་། ལྷག་པར་དུ་བོད་དོན་ཐོག་རོགས་རམ་གྱི་ལས་འགུལ་གང་ཡོང་སྤེལ་དང་སྤེལ་མུས་ཡིན་པ་རེད་ཅེས་དང་། ད་ཐེངས་དེ་ལྟ་བུའི་རྒྱལ་ཁབ་ཅིག་ནང་དཀའ་རྙོག་ཡོད་སར་ཞི་འཇམ་ཡོང་རྒྱུའི་འབད་བརྩོན་གནང་མཁན་གྱི་རྒྱལ་ཁབ་ཀྱི་རྒྱལ་སའི་ནང་འབར་རྫས་ཀྱི་དོན་རྐྱེན་འོག་མི་མང་པོ་ཞིག་ལ་སྲོག་སྐྱོན་བྱུང་བ་མ་ཟད་། དེའི་ཁོངས་སློབ་ཕྲུག་འགའ་ཤས་ཀྱང་རྐྱེན་འདས་སུ་གྱུར་བར་བརྟེན་བོད་མི་མང་སྤྱི་འཐུས་ངོས་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་དང་། རྗེས་ཤུལ་ནང་མི་ཉེ་སྤུན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད་ཅེས་དང་། དེ་ལྟ་བུའི་དྲག་སྤྱོད་ཀྱི་ལས་ཀ་དེ་ཚོར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་། ནོར་ལྦེ་གཞུང་དམངས་གཉིས་ནས་ད་ལྟའི་དཀའ་ངལ་དེར་དགོངས་པ་ཡག་པོ་བཞེས་ནས་ཕྱག་ལས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ནོར་ཝེ་གཞུང་དང་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད་ཅེས་གོང་ཞུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ཕྱག་བྲིས་དེའི་ནང་བཀོད་ཡོད་པ་རེད་ 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org