ཀོ་ལོམ་སྦི་ཡ་ནང་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སྐོར་འགྲེམས་སྟོན།

ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་སྦི་ཡ་ནང་གཟའ་འཁོར་གཅིག་རིང་ལ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སྐོར་ལ་འགྲེམས་སྟོན་གནང་རྒྱུ་ཡིན་པ་རེད།

༄༅༎བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལོམ་སྦི་ཡ་ནང་ཟླ་བ་འདིའི་ཕྱི་ཚེས་བདུན་ནས་བཅུ་བཞི་བར་གཟའ་འཁོར་གཅིག་རིང་ལ་དཀྱིལ་འཁོར་བཞེངས་གྲུབ་སོགས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སྐོར་ལ་འགྲེམས་སྟོན་གནང་རྒྱུ་ཡིན་པ་དང་བོད་ཀྱི་འགྲེམས་སྟོན་དེ་ལྟ་བུ་ནི་ཀོ་ལོམ་སྦི་ཡ་རྒྱལ་ཁབ་ནང་གོ་སྒྲིག་གནང་བ་ཐེངས་དང་པོ་ཡིན་པ་རེད།

བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ཐད་ཀྱི་འགྲེམས་སྟོན་གྱི་བྱེད་སྒོ་དེ་གོ་སྒྲིག་གནང་མཁན་ཀོ་ལོམ་སྦི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཁང་ཡིན་ཞིང་འགྲེམས་སྟོན་གནང་ཡུལ་ནི་ཀོ་ལོམ་སྦི་ཡའི་རྒྱལ་ས་སྦོ་གོ་ཀྲ་ནང་དུ་ཡོད་པའི་དེ་སྔ་ཕྱི་ལོ་༡༦༢༣ལོར་གསར་འཛུགས་གནང་བའི་ཧ་ལྦེ་རི་ཡ་ན་གཙུག་ལག་སློབ་གཉེར་ཁང་དུ་ཡིན་པ་དང་གཙུག་ལག་སློབ་གྲྭ་དེ་ནི་ཀོ་ལོམ་སྦི་ཡ་རྒྱལ་ཁབ་ནང་གི་ཆེད་ལས་སློབ་གཉེར་ཁང་གཙོ་བོ་ཞིག་ཡིན་ཞིང་རྣམ་གྲྭ་གསུང་ཞབས་པ་ཚོས་དཀྱིལ་འཁོར་བཞེང་གྲུབ་གནང་རྒྱུ་གཙོ་བོར་འགྱུར་བའི་བོད་མི་དང་རྒྱ་མི་རིགས་སྒྱུ་རྩལ་བ་གཉིས་ཀྱིས་བོད་དང་བོད་མིའི་འདྲ་པར་འགྲེམས་སྟོན་བྱ་རྒྱུ་དང་བོད་ཀྱི་གནས་སྟངས་ཐོག་ལ་བཟོ་སྐྲུན་བྱས་པའི་གློག་བརྙན་སྟོན་གནང་རྒྱུ་ཡིན་པ་རེད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བཞུགས་མཁན་བོད་མི་སྒྱུ་རྩལ་བ་བསོད་ནམས་རྫོགས་སངས་ལགས་ཀྱིས་ཁོང་རང་ཉིད་ནས་བོད་དང་བོད་མིའི་འདྲ་པར་རྒྱབ་པ་རྣམས་འགྲེམས་སྟོན་གྱིས་བོད་ཀྱི་ཐོུང་མ་ཡིན་པའི་གོམས་བཤིས་དང་རིག་གཞུང་།བོད་དང་བོད་མིའི་གནས་སྟངས་སྐོར་དང་ལྷག་པར་བོད་གཞིས་བྱེས་གཉིས་ཀྱི་འདས་པའི་གནས་སྟངས་སྐོར་འདྲ་པར་གྱི་ལམ་ནས་ངོ་སྤྲོད་གནང་རྒྱུ་ཡིན་པ་དང་དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཞུགས་མཁན་རྒྱ་རིགས་རྩོམ་བྲིས་པ་བུད་མེད་ཅང་ཡིན་ལི་ཟེར་བས་ཉེ་དུས་རྒྱབ་པའི་ལོ་རྒྱུས་ཀྱི་འདྲ་པར་བརྒྱུད་བཙན་བྱོལ་བོད་མིའི་ལོ་རྒྱུས་ངོ་སྤྲོད་བྱ་རྒྱུ་དང་དེའི་ནང་ནས་དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org