ཡོ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་འདུག
ཟླ་ ༠༤ ཚེས་ ༢༥ རེས་གཟའ་པ་སངས་ཉིན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཐད་ཡོངས་ཁྱབ་དགོས་པའི་ནན་བརྗོད་གནང་ཡོད་པ་རེད་འདུག
- 2025-04-28
-
-
-
ཟླ་ ༠༤ ཚེས་ ༢༥ རེས་གཟའ་པ་སངས་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཐད་ཡོངས་ཁྱབ་དགོས་པའི་ནན་བརྗོད་གནང་ཡོད་པ་རེད་འདུག
དེ་ཡང་སྦར་སིལ་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱལ་ཁབ་ ༡༡ ཙམ་ནས་ཕེབས་པའི་ཡོ་རོབ་མཐུན་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པའི་ཚོགས་མི་གལ་ཆེན་ལྔ་ཡི་སྐུ་ཚབ་བཅས་མི་གྲངས་ ༡༤ ལྷག་ཙམ་ཞིག་གིས། ལོ་མང་ནས་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན། སྦྱར་ཡིག་བརྒྱུད་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། རིན་པོ་ཆེ་མཆོག་ད་ལྟ་གང་དུ་ཡོད་མེད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་འགན་ཡོད་པ་དང་ཁོང་མྱུར་དུ་གློད་བཀྲོལ་དགོས་པའི་གསལ་འདོན་ནན་བརྗོད་གནང་ཡོད་པ་དང་། དེ་མཚུངས་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱི་མཚན་ཐོག་བརྒྱུད། ཡོ་རོབ་སྤྱི་མཐུན་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ད་ལྟའི་གནས་སྟངས་སྐོར་དང་། འདས་པའི་ལོ་ངོ་ ༣༠ རིང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཐད་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ནས་ཕྱག་ལས་གང་གནང་ཡོད་མིན་ཐད་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ལོར་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་ཉིན། འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ནས་ཆོས་ཕྱོགས་དང་། ཞུ་གཏུག་ལས་འགུལ་སོགས་ཐབས་དང་རྣམ་པ་འདྲ་མིན་གྱི་སྒོ་ནས་རིན་པོ་ཆེར་རྗེས་དྲན་དང་སྦྲགས། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
གཞི་རྩའི་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འོས་སྤྲུལ་ས་བོན་དུ་མའི་ནང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་ཡོད་པ་དང་། ངོས་འཛིན་གསལ་བསྒྲགས་མཛད་རྗེས་ཉིན་གསུམ་པ་སྟེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ་ནས་ད་བར་མི་ལོ་ ༣༠ ཧྲིལ་པོ་ཕྱིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ནང་མི་དང་སྐུ་འཁོར་བཅས་བདེ་ཐང་ཡིན་མིན་དང་། གང་དུ་ཡོད་མེད་སོགས་ཀྱི་སྐོར་འདྲི་རྩད་གནང་ཡོད་ཀྱང་ད་བར་རྒྱ་ནག་གཞུང་གིས་ལན་འདེབས་ཁ་གསལ་བརྒྱབ་མེད་པ་རེད། །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།