རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཉམ་དུ་བོད་ཀྱི་གནད་དོན་གླེང་འདུག

ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་སྲིད་སྐུ་ཚབ་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་མཉམ་དུ་གནད་དོན་འདྲ་མིན་ཐད་གོ་བསྡུར་བྱེད་ཞོར་བོད་ཀྱི་གནད་དོན་ཡང་གླེང་ཡོད་པ་བརྗོད་འདུག

ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་སྲིད་སྐུ་ཚབ་(Jesep Borell)་ལགས། ༢༠༢༠ EU

ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་སྲིད་སྐུ་ཚབ་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་དང་མཉམ་དུ་གནད་དོན་འདྲ་མིན་ཐད་གོ་བསྡུར་བྱེད་ཞོར་བོད་ཀྱི་གནད་དོན་ཡང་གླེང་ཡོད་པ་བརྗོད་འདུག
ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་སྲིད་སྐུ་ཚབ་དང་མཐུན་ཚོགས་ཀྱི་སྲིད་འཛིན་སྐུ་གཞོན་(Josep Borell)་ལགས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་གཉིས་ཀྱིས། འདི་ཟླའི་ཚེས་༩་ཉིན་ཟླ་བ་འདིའི་ཟླ་མཇུག་ལ་ཡུལ་གྲུ་གཉིས་བར་ཆེས་མཐོའི་ལྷན་ཚོགས་ཐེངས་༡༠་པའི་གྲ་སྒྲིག་ཆེད་དྲ་ཐོག་ནས་བཀའ་བསྡུར་དུས་ཡུན་ཆུ་ཚོད་གསུམ་ལྷག་ཙམ་རིང་གནང་སྐབས། ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་སྲིད་སྐུ་ཚབ་(Jesep Borell)་མཆོག་གིས། བོད་ནང་དང་ཤིན་ཅིང་ཞེས་འབོད་པའི་ཤར་ཏུས་ཀིསུ་ཐན་ནང་གི་གནས་སྟངས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། མི་སྒེར་པ་མང་པོའི་གནས་སྟངས་གླེང་སློང་གནང་ཡོད་འདུག་ལ། དེའི་སྐོར་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་ཡོད་ས་བྷིར་ཛིལ་(Brussels)་ནང་བཅའ་བཞུགས་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་གནས་འདྲི་ཞུས་སྐབས། ཁོང་གིས་གནས་ཚུལ་དེ་ཚེས་༩་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་ཕྱི་སྲིད་སྐུ་ཚབ་(Josep Borrell)་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་གསལ་བོ་ངོ་སྤྲོད་གནང་སོང་། དུས་ཚོད་གསུམ་ཙམ་གྱི་དུས་ཡུན་རིང་རྒྱ་ནག་གི་དཔོན་རིགས་དང་མཉམ། རྒྱ་ནག་དང་འབྲེལ་ལམ་གཙོ་བོར་གྱུར་བའི་གནད་དོན་མང་པོའི་ཐོག་གོ་བསྡུར་གནང་ཡོད་པ་དང་། སྐབས་དེར་བོད་ཀྱི་གནད་དོན་ཡང་གླེང་སློང་བྱས་ཡོད་པ་གསལ་བསྒྲགས་གནང་ཡོད་པའི་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་(Josep Borell)་ལགས་ཀྱིས། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་དང་། རང་སྐྱོང་གི་ཚད་མཐོའི་གནས་བབས་ཡོད་པར་ཉེན་ཁ་ཚབས་ཆེན་བཟོ་ཆེད་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གསར་པ་ཞེས་པ་ལག་ལེན་བསྟར་འཆར་སོགས་ཀྱི་གནད་དོན་གླེང་གནང་འདུག དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ཀྱིས་གནད་དོན་དེའི་ཐད་འགྲེལ་བཤད་མང་པོ་རྒྱབ་ན་ཡང་ད་དུང་ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ངོས་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་གདོང་ཐུག་ཛ་དྲག་གི་གནས་སྟངས་ཉུང་འཕྲིའི་སླད་ཐབས་ཤེས་བྱེད་དགོས་པ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་བྱས་པ་ཁག་དང་ཧོང་ཀོང་གི་གཞི་རྩའི་ཁྲིམས་གཞིར་གུས་བརྩི་ཞུས་དགོས་སྐོར་བཀའ་བསྡུར་མུ་མཐུད་དུ་གནང་ཕྱིར་གླེང་སློང་གནང་འདུག
དེ་བཞིན་དུ་རང་དབང་གི་ཚོང་འབྲེལ་དང་། ཚན་རིག་ཐད་མཉམ་འབྲེལ་གནང་ཕྱོགས། གསར་འགྱུར་དང་རིག་གཞུང་ཐོག་མཉམ་འབྲེལ་གནང་ཕྱོགས་སོགས་ཀྱི་ཐོག་ལ་ཡང་བཀའ་བསྡུར་གནང་འདུག
དེ་ནི་ཁོང་གིས་ཡོ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཀྱི་ཐུགས་འགན་བཞེས་པའི་རྗེས་སུ། རྒྱ་ནག་དང་ཐབས་ཇུས་ཐད་བཀའ་བསྡུར་ཐེངས་དང་པོ་དང་དེ་འདྲའི་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བཞེས་པ་ཐེངས་བཞི་པ་དེ་ཡིན་པ་རེད།


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org