རྒྱ་ནག་ནང་ཚོང་རྟཌ་རྫུན་བཟོའི་ཚོང་ཁང།

རྒྱ་ནག་ནང་ཨེ་པལ་(Apple)ཚོང་ཁང་རྫུན་མ་བཙུགས་ནས་དེའི་ནང་གི་ལས་བྱེད་པ་ཚོས་ཨེ་པལ་ཚོང་ཁང་གི་སྒྲིག་ཆས་གྱོན་ནས་ཚོང་ལས།

༄༅༎རྒྱ་ནག་ནང་ཀུ་ཤུ་རྟགས་ཅན་གྱི་མིང་བྱང་བཀལ་བའི་ཨེ་པལ་(Apple)ཚོང་ཁང་རྫུན་མ་བཙུགས་ནས་དེའི་ནང་གི་ལས་བྱེད་པ་ཚོས་ཨེ་པལ་ཚོང་ཁང་གི་སྒྲིག་ཆས་སྟོད་ཐུང་སྔོན་པོ་གྱོན་ནས་ཚོང་ལས་གཉེར་བཞིན་ཡོད་པ་རེད།

རྒྱ་ནག་ནི་འཛམ་གླིང་ནང་ནས་དངོས་ཟོག་འདྲ་བཤུས་རྫུན་མ་བཟོ་མཁན་གྱི་རྒྱལ་ཁབ་ཡོང་གྲགས་ཤིག་ཡིན་པར་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གིས་ད་ཕན་འཕྲུལ་ཆས་དང་མིང་གྲགས་ཆེ་བའི་གྱོན་ཆས་། ཀམ་པུའུ་ཀྲར་གྱི་མཉེན་ཆས་སོགས་དངོས་རྫས་རིགས་མི་འདྲ་བ་མང་པོ་འདྲ་བཤུས་རྫུན་བཟོ་བྱས་ཡོད་པ་རེད།

རྒྱ་ནག་ལྷོ་ཕྱོགས་ཡུ་ནན་ཞིང་ཆེན་གྱི་ཀུན་མིང་གྲོང་ཁྱེར་ནང་གནས་སྡོད་གནང་མཁན་ཨ་རི་བ་ཞིག་གིས་ ཉིན་ཤས་གོང་ཁོང་དང་ཁོང་གི་བཟའ་ཟླ་གཉིས་པོས་གྲོང་ཁྱེར་དེའི་ནང་ཨེ་པལ་བཟོ་ཚོང་ལས་ཁང་གི་ལས་རྟགས་བཀོད་པའི་ཚོང་ཁང་རྫུན་མ་གསུམ་ཡོད་པ་གཟིགས་འདུག་པས། ཚོང་ཁང་དེ་ཚོར་པར་བརྒྱབ་ནས་ཁོང་གི་དྲ་རྒྱ་BirdAbroad blog ཐོག་བཏོན་གནང་བཞག།

གོང་ཞུས་ཚོང་ཁང་གསུམ་པོ་དེ་ཚོ་ཨེ་པལ་ཚོང་ལས་ཁང་གི་ཆོག་མཆན་ཡོད་པའི་ཚོང་ཁང་གི་ཐོ་གཞུང་ནང་མེད་པ་རེད། ཨེ་པལ་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་Iphone དང་Ipad དེ་བཞིན་Lab-top སོགས་རྒྱ་ནག་ནང་ཚོང་སྒྱུར་བྱེད་ཆོག་པའི་ཆོག་མཆན་ཡོད་མཁན་ཨེ་པལ་བཟོ་ཚོང་ལས་ཁང་གི་ཚོང་ཁང་བཞི་ཡོད་པའི་གྲས་ནས་གཉིས་རྒྱལ་ས་པེ་ཅིང་དུ་ཡོད་པ་དང༌། དེ་མིན་ཚོང་ཁང་གཉིས་གྲོང་ཁྱེར་ཧྲང་ཧེ་ནང་ཡོད་པ་རེད།

རྒྱ་ནག་ཁྱོན་ཡོངས་ཀྱི་ནང་ཨེ་པལ་བཟོ་ཚོང་ལས་ཁང་གི་ཚོང་ལས་འཕེལ་རྒྱས་ཆེན་པོ་འགྲོ་གི་ཡོད་པར་བརྟེན། གཟའ་འཁོར་འདིའི་ནང་ཨེ་པལ་ཁེ་གཉེར་ལས་ཁང་གིས་ཉེ་བའི་ཟླ་བ་གསུམ་རིང་རྒྱ་ནག་ནང་ཨེ་པལ་གྱི་འཕྲུལ་ཆས་ཚོང་སྒྱུར་གྱི་ཚད་གཞི་ཧ་ཅང་མཐོ་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

ཨེ་པལ་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གི་མཐོ་རིམ་ལས་བྱེད་པ་ཀྲི་མ་ཐི་ཁུཀ་ཡིས་ ད་ལོའི་འགོ་སྟོད་ཀྱི་ཟླ་བ་དྲུང་ནང་སྔ་ལོའི་ད་ལྟའི་དུས་ཚོད་གཅིག་པ་ལས་བརྒྱ་ཆ་༦༠༠ཚོང་མང་བ་བྱུང་ཡོད་པ་དང༌། ཚོང་ལས་ཡོང་འབབ་ཌོ་ལར་ཐེར་འབུམ་༣དང་གྲངས་ཆུང་༨བྱུང་ཡོད་པ་དེ་ཚོ་ཕལ་ཆེ་བ་རྒྱ་ནག་དང་ཧོང་ཀོང༌། ཐེ་ལྦན་བཅས་ནང་བྱུང་ཡོད་སྐོར་གསུངས་བཞག། ཨེ་པལ་བཟོ་ཚོང་ལས་ཁང་གིས་ད་ལོའི་ལོ་མཇུག་བར་ཧྲང་ཧེ་ནང་ཨེ་པལ་གྱི་ཚོང་ཁང་གསར་པ་ཅིག་དང༌། ཧོང་ཀོང་ནང་ཚོང་ཁང་གཅིིག་གསར་དུ་འགོ་འབྱེད་གནང་རྒྱུའི་འཆར་གཞི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org