འདས་པའི་ལོ་ལྔའི་ནང་བོད་ནང་བཙན་དབང་གིས་བོད་མི་༦༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཤེས་རྟོགས་བྱུང་འདུག
སྤྱི་ལོ་༢༠༡༨ ལོ་ནས་ད་བར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་༡༠༠ ལྷག་འཛིན་བཟུང་བྱས་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁིང་གིས་གནས་ཚུལ་ཤེས་རྟོགས་བྱུང་བའི་ཁྲོད། བོད་མི་༦༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཧ་གོ་བ་ཙམ་ལས། ཁ་གྲངས་ད་དུང་དེ་ལས་མང་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
- 2023-08-30
-
-
-
Your browser doesn’t support HTML5 audio
ལོ་ལྟར་སྤྱི་ཟླ་༨ པའི་ཚེས་༣༠ཉིན་ནི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ཀྱི་རྒྱལ་སྤྱིའི་ཉིན་མོ་ཡིན་པ་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆབ་སྲིད་བཙོན་ཟུར་གསུམ་དབུ་བཞུགས་ཐོག་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་བཙན་གྱིས་གར་སོང་ཆ་མེད་དུ་གྱུར་བའི་མདོ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་གླུ་བ་ལྷུན་གྲུབ་གྲགས་པ་ལགས་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་ནས་ཡིན་པའི་དགེ་རྒན་རིན་ཆེན་སྐྱིད་ལགས། མདོ་སྨད་རྔ་བ་ནས་ཡིན་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། ནག་ཆུ་ས་ཁུལ་ཨ་མདོ་རྫོང་ནས་ཡིན་པའི་བུ་མོ་གཡུ་སྒྲོན་ལགས་དང་། འཛུམ་དཀར་ལགས། དེ་བཞིན་མདོ་སྨད་རྔ་བ་ནས་ཡིན་པ་གྲྭ་རིན་ཆེན་ཚུལ་ཁྲིམས་སོགས་བོད་མི་༡༠ ཡི་ལོ་རྒྱུས་དང་བཅས་པ་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ལྟེ་གནས་ཁང་དེ་ཉིད་ཀྱི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས། སྤྱི་ལོ་༢༠༡༨ ལོ་ནས་ད་བར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་༡༠༠ལྷག་འཛིན་བཟུང་བྱས་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁིང་གིས་གནས་ཚུལ་ཤེས་རྟོགས་བྱུང་བའི་ཁྲོད། བོད་མི་༦༠ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཧ་གོ་བ་ཙམ་ལས། ཁ་གྲངས་ད་དུང་དེ་ལས་མང་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཉིན་འདི་དང་བསྟུན་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་ད་ལྟའི་གནས་སྟངས་སྐོར་རྒྱུས་ལོན་བྱེད་པའི་སྐབས། མདོ་སྨད་རྔ་བ་ནས་བཙན་དབང་འོག་གར་སོང་ཆ་མེད་གྱུར་བའི་དགེ་འདུན་པ་ཞིག་གི་རྨོ་བོ་ལགས་ཀྱིས་འགྲེལ་བརྗོད་གནང་གསལ་ལ། བསམ་བློ་ཅི་ཙམ་བཏང་ཡང་ངའི་ཚ་བས། ནག་ཉེས་བསགས་པ་དང་གཞན་ལ་གནོད་པ་བྱས་པ་ཞིག་དྲན་སོན་གྱི་མིན་འདུག ཁོང་ཁྲིམས་ལ་སྦྱར་ཟིན་པའི་ནག་ཉེས་ང་ལ་འཛུགས་ཀྱི་ཡོད་པ་འདྲ། ང་གང་ལ་སོང་ན་ཉེན་རྟོག་པས་རྗེས་འདེད་བཏང་སྟེ་ཐ་ན་དགོན་པར་སྐོར་བ་བྱེད་མཁན་ཚོ་ཡང་སྐྲག་ཐག་ཆོད་འགྲོ་ཡི་འདུག ན་ནིང་དཔྱིད་ཀ་ནས་ད་བར་ངེད་ཀྱི་ཁྱིམ་ཚང་ལ་ལྟ་སྲུང་བྱེད་མཁན་བཞག་པ་མ་ཟད། ང་གང་དུ་འགྲོ་ནའང་ཉེན་རྟོག་པར་སྙན་གསེང་ཞུ་དགོས་ཀྱི་འདུག མང་ཚོགས་བཅོས་བསྒྱུར་བྱས་ཏེ་ཁྱིམ་གྱི་ཕོར་བ་མ་གཏོགས་བཞག་མ་སོང་སྟེ། ད་དུང་འདི་འདྲ་བྱས་ནས་འགྲོ་དགོས་ན། ནད་པ་ཞིག་ཀྱང་ཡིན་པས་སེམས་མི་སྐྱིད་པར་ཉིན་རྟག་པར་རིའི་ཟུར་དུ་སོང་ནས་ངུས་བསྡད་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུ་དང་དགུ་བཅུའི་ནང་རྒྱ་ནག་གཞུང་གི་བཙོན་འོག་ཏུ་དངོས་སུ་དཀའ་སྡུག་མྱོང་སྟེ་བཙན་བྱོལ་ལ་བྲོས་བྱོལ་དུ་ཕེབས་པའི་ཆབ་སྲིད་བཙོན་ཟུར་དགེ་འདུན་རིན་ཆེན་ལགས་དང་། རྒན་ངག་དབང་འོད་འབར་ལགས། དེ་བཞིན་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་བཅས་གསུམ་ནི། དྲང་བདེན་གྱི་ཁྲིམས་བཤེར་མེད་སྒོ་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་གྱིས་འཛིན་བཟུང་བྱས་འདུག ཁོང་གསུམ་གྱིས། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ཟེར་བ་དེ་ཡིག་ཐོག་ལ་བཀོད་པ་ཙམ་ལས། དོན་དངོས་ཐོག་མི་མང་གི་དཀའ་སྡུག་ཞུ་སར་མེད་པའི་ཁར། ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཡོད་པ་གསུངས་སོང་།
ཨ་མི་རི་ཀར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགན་འཛིན་ལྕམ་Sophie Richardson ལགས་ཀྱིས། རྒྱ་ནག་གཞུང་གིས་བཙན་དབང་གི་སྒོ་ནས་གར་སོང་ཆ་མེད་དུ་བཏང་བའི་དཔེ་མཚོན་ཡག་ཤོས་ཤིག་ནི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་ཞིང་། ལོ་ལྔའི་གོང་ལ་ང་ཚོས་ཆབ་སྲིད་བཙོན་པ་༧༥ནས་༨༠བར་གྱི་གནས་ཚུལ་ཞིབ་ཕྲ་འཁོད་པའི་སྙན་ཐོ་ཞིག་བཏོན་པའི་ནང་ཁ་ཤས་ཀྱི་གནས་ཚུལ་ཅི་ཡང་གོ་ཐོས་མེད་པར་ལོ་༢༠ཕྱིན་ཚར་བ་དེ་འདྲའང་འདུག ཉུང་མཐར་མི་དེ་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ང་ཚོས་གསལ་བོ་ཤེས་ཀྱི་ཡོད་ནའང་། བཙན་དབང་གི་ལམ་ནས་གར་སོང་ཆ་མེད་དུ་གྱུར་པ་དེ་དམིགས་བསལ་གདུག་རྩུབ་ཆེན་པོར་བརྩི་བཞིན་ཡོད་པ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་རེད་སྙམ། ལྷག་དོན་དུ་གར་སོང་ཆ་མེད་དུ་གྱུར་བའི་མི་དེ་ལ་གནོད་འཚེ་ཕོག་པ་ཙམ་མ་ཟད། བཟའ་མི་ཉེ་གྲོགས་ཚོ་ལའང་ཁོང་གི་གནས་སྟངས་སྐོར་གྱི་གནས་ཚུལ་ཅི་ཡང་མི་སྤྲད་པར་གསང་བ་བྱས་པ་ནི། མནར་གཅོད་ཀྱི་རྣམ་པ་ཞིག་ཏུ་བརྩིས་ཆོག་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས། བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་བ་དེ་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ཡིན་ན། ནག་ཉེས་ཚབ་ཆེན་ཞིག་ཡིན་པ་མ་ཟད། ཁོང་ཚོ་ནི་ཁྲིམས་ཀྱི་རྒྱུད་རིམ་གང་ཡང་མེད་སྒོ་ནས་འཛིན་བཟུང་བཀག་ཉར་བྱེད་པའི་རིང་འདིར། རྡུང་སྡེག་མནར་གཅོད་ཚབས་ཆེན་མྱོང་དགོས་པ་དེ་ནི་འགྲོ་བོ་མིའི་རིགས་ལ་རྒོལ་བའི་ནག་ཉེས་Crime Against Humanity ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། དེ་གའི་ལྟེ་གནས་ཁང་ནི་༡༩༩༦ ལོར་ཐོག་མར་འཛུགས་གནང་བ་ནས་བཟུང་ད་བར། བོད་ནས་ཆབ་སྲིད་བཙོན་པའི་གྲངས་འབོར་རག་པ་དེ་༥༦༠༠ བྱུང་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་ཆབ་སྲིད་ཉེས་མིང་འདྲ་མིན་བཏགས་ཏེ་འཛིན་བཟུང་བྱས་པའི་བོད་མིའི་གྲངས་འབོར་དེ་ལས་མང་བ་ཡོད་ཅེས་གསུངས་བྱུང་།
གཞན་ཡང་ཁ་སྔོན་སྤྱི་ཟླ་༨ པའི་ཚེས་༢༥ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་དྲུག་གིས་རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པའི་སྒོ་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་བཏང་བའི་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པའི་བུ་མོ་གཡུ་སྒྲོན་དང་འཛུམ་དཀར་ཚུད་པའི་བོད་མི་ཆབ་སྲིད་བཙུན་ཟུར་ཁག་ཅིག་གི་ལོ་རྒྱུས་དང་བཅས་པའི་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་པ་མ་ཟད། རྒྱ་ནག་གཞུང་གིས། གང་བྱུང་འཛིན་བཟུང་བྱས་པའི་བོད་མི་ཚོས་ད་ལྟའི་གནས་སྟངས་སྐོར་ཁ་གསལ་འགྲེལ་བརྗོད་དགོས་པ་སོགས་རྒྱ་ནག་གཞུང་ལ་ཞུ་སྙན་ཞིག་ཀྱང་བཏང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།