Enes Kanter་freedom མཆོག་ལ་ Geneva Summit for Human Rights སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་འདུག

༢༠༢༢ ལོའི་ཇེ་ནི་ཝའི་ལྷན་ཚོགས་སམ་ Geneva Summit གྱིས་ཇེ་ནི་ཝའི་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་ཨ་རིའི་སིལ་པོལ་རྩེད་འགྲན་པ་ Enes Kanter Freedom ལགས་སུ་ཕུལ་བ།

༢༠༢༢ ལོའི་ཇེ་ནི་ཝའི་ལྷན་ཚོགས་སམ་ Geneva Summit ཟེར་བ་འགྲོ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ ༢༥ མཉམ་བསྡུས་ལྷན་ཚོགས་དེས་ཇེ་ནི་ཝའི་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་ཨ་རིའི་སིལ་པོལ་རྩེད་འགྲན་པ་  Enes Kanter Freedom ལགས་སུ་ཕྱི་ཟླ་ ༤ ཚེས་ ༦ ཉིན་ཕུལ་ཞིང་། ཁོང་གིས། ཇེ་ནི་ཝའི་སྙིང་སྟོབས་ཀྱི་གཟེངས་རྟགས་དེ་ཁོང་ལ་གནང་བ་དེ་དགའ་པོ་བྱུང་བ་གསུངས་པ་དང་། གཟེངས་རྟགས་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཐད་ཐབས་རྩོད་མཁན་ཚང་མའི་བྱས་རྗེས་ཤིག་ཡིན་པ་གསུངས་འདུག ད་དུང་ཁོང་གིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་བོད་མི་རྣམས་ལ་དབུ་མའི་ལམ་གྱི་ཐོག་ནས་ལམ་སྟོན་གནང་བའི་གུ་ཡངས་རླབས་ཆེན་གྱི་དགོངས་གཞི་དེ་དག་རྒྱ་ནག་གིས་གཙོས་རྒྱལ་སྤྱིའི་ཐོག་ནས་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།  གཞན་ཡང་ཁོང་གིས། བོད་ཀྱི་བདག་པོ་ནི་བོད་མི་ཡིན་ཞིང་། བོད་དོན་ཆེད་ཁོང་རང་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་གསུངས་པ་དང་། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དེར་ཁོང་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་གསུངས་ཡོད་པ་རེད།

ཡང་གཟེངས་རྟགས་དེའི་མཛད་སྒོའི་ཐོག་དེང་སྐབས་བོད་དོན་གཏམ་བཤད་ཀྱི་བསྐོར་སྐྱོད་གནང་བཞིན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱང་མཉམ་ཞུགས་འདུག་ཅིང་། ཁོང་གིས། ཨ་རི་དང་འཛམ་གླིང་སྤྱི་ཡོངས་ནས་བོད་ཀྱི་གནད་དོན་ཐོག་འགན་ཁྱེར་དགོས་པ་གསུངས་ཤིང་། རྒྱལ་ཁབ་མང་པོ་ཞིག་གིས་ཚོང་འབྲེལ་ཆེད་འགྲོ་བ་མིའི་ཐོབ་ཐང་ཁུར་མེད་བསྐྱུར་འཇོག་བྱེད་བཞིན་པ་དེ་དག་ནི་དོན་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་རྒྱབ་སྐྱོར་བྱས་པ་མཚོན་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རང་ལོ་ ༢༩ སོན་པའི་ཨ་རིའི་ (NBA) ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་(Enes Kanter) ལགས་ནི་སུད་སིར་སྐྱེས་ཤིང་། ཏུར་ཀིའི་མི་རིགས་ཤིག་ཡིན་པ་རེད།  ཁོང་གི་སྤྱི་ཚོགས་དྲ་ལམ་ (Instragram) ནང་རྗེས་འབྲང་པ་མི་གྲངས་འབུམ་ ༧ ལྷག་དང་། ཊུ་ཊར་དྲ་ལམ་ཐོག་རྗེས་འབྲང་པ་མི་གྲངས་འབུམ་ ༤ ལྷག དེ་བཞིན་ངོ་དེབ་ནང་རྗེས་འབྲང་པ་མི་གྲངས་འབུམ་ ༢ ལྷག་འདུག

ཁོང་གིས་བོད་དང་ཤར་ཏུར་ཀིསི་ཐན། ཧོང་ཀོང་། ནང་སོག་བཅས་ཀྱི་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཀྱི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་ཡོངས་གྲགས་ཀྱི་ཐོག་ནས་ངོ་རྒོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org