དབྱིན་ཇིའི་རྒྱལ་མོའི་སྐུ་ཕུང་ཞུགས་འབུལ་སྐབས་རྒྱ་ནག་གི་སྐུ་ཚབ་གདན་ཞུ་གནང་བར་བློ་ཕམ།

དབྱིན་ཇིའི་རྒྱལ་མོ་ཨི་ལེ་ཛེ་སྦེཏ་(Elizabeth)གཉིས་པ་མཆོག་གི་སྐུ་ཕུང་ཞུགས་འབུལ་མཛད་སྒོར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཝང་ཆི་ཧྲན་གདན་ཞུས་ལྟར་སྐུ་ཕུང་ཞུགས་འབུལ་གྱི་མཛད་སྒོར་བཅར་གྱི་ཡོད་པ་རེད།

རོཡ་ཊརསི།

རེས་གཟའ་པ་སངས་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྩ་བའི་སྐུ་ཕུང་ཞུགས་འབུལ་མཛད་སྒོ་དེ་ཕྱི་ཚེས་༡༩གཟའ་ཟླ་བའི་ཉིན་ཡིན་པ་དང་དེའི་བར་ཉིན་གྲངས་བཞི་རིང་དབྱིན་ཇི་རྒྱལ་མོ་དམ་པའི་སྐུ་ཕུང་དེ་དབྱིན་ཇིའི་གྲོས་ཚོགས་ཀྱི་Westminster ཚོགས་ཁང་ནང་བཞག་ཡོད་པ་དེར་ཕྱིའི་རྒྱལ་ཁབ་ཀྱི་སྐུ་མགྲོན་མང་པོ་སྐུ་ཕུང་མཇལ་བར་བཏང་ཡོད་ཀྱང་རྒྱ་ནག་གི་སྲིད་འཛིན་གཞོན་པ་དབྱིན་ཇི་རྒྱལ་མོའི་པུར་སྒམ་ནང་ཡོད་པའི་སྐུ་ཕུང་མཇལ་བར་བཏང་མེད་པ་རེད་འདུག གང་ཡིན་ཟེར་ན་དབྱིན་ཇིའི་ཕྱི་འབྲེལ་ལས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ལ་གདན་ཞུ་བཏང་ཡོད་ཀྱང་། དབྱིན་ཇིའི་གྲོས་ཚོགས་ཀྱི་ནང་ཚོགས་མི་མང་པོས་ད་ཕན་རྒྱ་ནག་གིས་ཤིང་ཅང་ཨུ་གུར་མི་རིགས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་སྲིད་ཇུས་ལ་སྐྱོན་འཛུགས་བྱས་རྐྱེན་རྒྱ་ནག་གིས་ཡར་ལེན་གྱི་ཚུལ་དུ་འབྲེལ་ཡོད་གྲོས་ཚོགས་འཐུས་མི་འགའ་ལ་དམ་བསྒྲགཀྱི་ཉེས་ཆད་འཁེལ་བ་བརྟེན། ད་ལེན་རྒྱ་ནག་གི་སྐུ་ཚབ་གདན་ཞུ་ཐད་གྲོས་ཚོགས་འཐུས་མི་འགས་འདོད་པ་མེད་བཞིན་བློ་འཚབ་སྐྱེས་གཞི་ཞིག་གྱུར་ཡོད་འདུག།

དབྱིན་ཇིའི་རྒྱལ་མོ་དམ་པ་དེའི་སྐུ་ཕུང་ལ་མི་དམངས་གྱིས་མཐའ་མའི་གུས་འདུད་ཞུ་མཁན་ཁྱོན་ཆེན་པོ་ཉིན་མཚན་མེད་པ་བང་སྒྲིག་ནས་ཡོད་པ་དང་། གཟའ་ཟླ་བ་ཕྱི་ཚེས་༡༩ཉིན་སྐུ་ཕུང་ Westminster Abbeyདུར་སར་བསྐྱེལ་བའི་གཞུང་འབྲེལ་མཛད་སྒོ་ཐོག འཛམ་གླིང་རྒྱལ་ཁབ་མང་པོའི་དབུ་ཁྲིད་དང་སྐུ་ཚབ་གདན་ཞུ་བྱས་ཡོད་པའི་ཁོང་ནས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་དང་ལྕམ་སྐུ་གཉིས་ཕེབས་འཆར་ཡོད་པ་རེད་འདུག དབྱིན་ལེན་གྱི་རྒྱལ་པོ་གསར་པ་Charles མཆོག་གིས་རྒྱལ་པོའི་ཕོ་བྲང་ནང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་པ་གཙོས་པའི་དམིགས་བསལ་སྐུ་མགྲོན་ཚོར་གཟའ་ཉི་མ་ཉིན་གསོལ་སྟོན་སྣེ་ལེན་ཞུ་རྒྱུ་རེད་འདུག དབྱིན་ལེན་བོད་རང་དབང་ལས་འགུལ་ཚོགས་པས་གས་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ད་ཐེངས་རྒྱ་ནག་གི་སྐུ་ཚབ་གདན་ཞུ་གནང་བ་བློ་ཕམ་དང་དེ་བཞིན་དབྱིན་ལེན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་མགྲོན་འབོད་ཞུས་ཡོད་ན་དེས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མཚོན་ཐུབ་ཀྱི་རེད་ཅེས་བརྗོད་འདུག དབྱིན་ཇིའི་རྒྱལ་པོ་ཆའ་རལི་སི་མཆོག་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་དང་། ལྷག་པར་དུ་དེ་སྔ་ཕྱི་ལོ་༢༠༡༢ལོར་བཞུགས་གནས་སུ་མཇལ་འཕྲད་གནང་དུས་གྲོགས་པོའི་འདུ་ཤེས་དམ་ཟབ་ཡོད་པ་མངོན་ཐུབ་ཡོད་པ་དང་། རྒྱལ་སྲས་མཆོག་ནས་ཀྱང་དེ་སྔ་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་དང་རྒྱ་ནག་གི་དཔོན་རིགས་དབྱིན་ཡུལ་དུ་འཚམས་གཟིགས་དང་རྒྱལ་མོ་མཆོག་མཇལ་འཕྲད་གནང་བའི་སྐབས་སུ་མངོན་གསལ་དོད་པོའི་ཐོག་ནས་རྣམ་འགྱུར་བསྟན་གནང་མྱོང་ཡོད་པ་རེད། ད་རེས་ཁོང་དབྱིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་གནང་བའི་སྐབས་སུའང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་བསྩལ་ནས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་དང་། མ་འོངས་པར་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟེ། དབྱིན་ཡུལ་མི་མང་གི་རེ་བ་དང་མངོན་འདོད། དེ་བཞིན་འཛམ་གླིང་འདི་ཉིད་སྔར་ལས་ལྷག་ཞི་བདེ་ལྡན་པ་ཞིག་བསྐྲུན་ཆེད་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་ལམ་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད།།

གསར་འགོད་པ། ཕྲ་རེང་བསྟན་ནོར།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org