རྒྱ་ནག་གིས་ཡུ་གུར་མི་རིགས་བརྒྱད་ལ་སྲོག་ཐོག་ཉེས་ཆད་བཀལ་འདུག
རྒྱ་ནག་ནང་གཏོར་རྒོལ་བཏང་བའི་ཉེས་འཛུགས་འོག་ཤིན་ཅང་ཡུ་གུར་མི་རིགས་བརྒྱད་ལ་སྲོག་ཐོག་ཉེས་ཆད་བཀལ་འདུག
-
2014-12-08 -
-
-
རྒྱ་ནག་ནང་གཏོར་རྒོལ་བཏང་བའི་ཉེས་འཛུགས་འོག་ཤིན་ཅང་ཡུ་གུར་མི་རིགས་བརྒྱད་ལ་སྲོག་ཐོག་ཉེས་ཆད་བཀལ་འདུག
དེ་རིང་ཤིན་ཅང་Urumqi འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཡུ་གུར་མི་རིགས་བརྒྱད་ལ་སྲོག་ཁྲིམས་ཉེས་ཆད་བཅད་པ་དང་། ལྔ་ལ་དུས་འགྱངས་ཀྱི་སྲོག་ཐོག་ཉེས་ཆད་བཏང་བ། དེ་བཞིན་མི་བཞི་ལ་བཙོན་དུས་འདྲ་མིན་གྱི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་སྲིད་འཛིན་Xi Jinpingཤིན་ཅང་གི་རྒྱལ་ས་Urumqiནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གྱི་ཉིན་མཐའ་མ་དེར་རྒྱལ་ས་Urumqi རི་ལིའི་བབས་ཚུགས་སུ་གྲི་རྒྱབ་པ་དང་། དེ་བཞིན་གཏོར་རྒོལ་བཏང་བའི་དོན་རྐྱེན་འོག་མི་གཅིག་རྐྱེན་འདས་སུ་བཏང་བ་དང་། དེ་བཞིན་མི་གྲངས་༧༩་ཙམ་རྨས་སྐྱོན་ཕོག་པ། སྐབས་དེར་དྲག་རྒོལ་བྱེད་མཁན་གྱི་མི་སྣ་གཉིས་ཡང་རྐྱེན་འདས་སུ་གྱུར་ཡོད་པ་སོགས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་ཁག་ཅིག་ཡིན་པ་གསལ་སྟོན་བྱས་ཡོད་པ་མ་ཟད། དེ་རྗེས་རིམ་བཞིན་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་ལས་འགུལ་མུ་མཐུད་བརྩམས་པའི་དོན་རྐྱེན་འོག་མི་མང་༣༩་ཙམ་རྐྱེན་འདས་སུ་བཏང་བ་མ་ཟད། མི་གྲངས་༩༠་ལྷག་ཙམ་རྨས་སྐྱོན་བཏང་བ་སོགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་ལུགས་བརྗོད་འདུག ཤིན་ཅང་ནང་གཏོར་རྒོལ་གྱི་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཐོག་ནས་འདི་ལོ་ཕྱི་ཟླ་དྲུག་པ་ནས་བཟུང་ད་བར་མི་གྲངས་ལྔ་བཅུ་ལྷག་ཙམ་ལ་སྲོག་ཐོག་གི་ཉེས་ཆད་བཀལ་ཡོད་པ་མ་ཟད། མི་མང་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཀྱི་མངའ་ཁུལ་དུ་དམ་བསྒྲགས་ཤུགས་ཆེ་བྱས་པའི་ཐོག་ནས་བྱུང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་བྱུང་བའི་གཏོར་རྒོལ་གྱི་ལས་འགུལ་ཁག་ཤིན་ཅང་དྲག་སྤྱོད་པས་སྤེལ་བའི་ལས་འགུལ་ཞིག་ཡིན་པ་ཉེས་འཛུགས་བྱས་ནས་ཡུ་གུར་མི་རིགས་ཀྱི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
གསར་འགོད་དབྱངས་སྒྲོལ།