རྒྱ་ནག་གཞུང་གིས་སླར་ཡང་རྫ་དབོན་པོ་ཁུལ་གྱི་བོད་མི་ལྔ་བཅུ་ལྷག་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་གིས་སླར་ཡང་རྫ་དབོན་པོ་ཁུལ་གྱི་བོད་མི་ལྔ་བཅུ་ལྷག་འཛིན་བཟུང་བཀག་ཉར་གྱིས་དབོན་པོ་ཡུལ་དགོན་གཉིས་ཀྱི་ནང་བོད་མིར་སུན་གཙེར་དང་དྲག་གནོན་བྱེད་བཞིན་འདུག

རྫ་དབོན་པོ་སྡེ་དགོན་གཉིས། ༼ཟླ་ཚེས་མི་གསལ མཐུན་འགྱུར་པར་རིས།

རྒྱ་ནག་གཞུང་གིས་སླར་ཡང་རྫ་དབོན་པོ་ཁུལ་གྱི་བོད་མི་ལྔ་བཅུ་ལྷག་འཛིན་བཟུང་བཀག་ཉར་གྱིས་དབོན་པོ་ཡུལ་དགོན་གཉིས་ཀྱི་ནང་བོད་མིར་སུན་གཙེར་དང་དྲག་གནོན་བྱེད་བཞིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་ཆུ་ཁ་རྫ་སྨད་དབོན་པོ་ཁུལ་དུ། རྒྱ་ནག་གཞུང་གི་དམག་མིས་ཉེ་ཆར་ཕྱི་ཟླ་༨་་ཚེས་༢༥་ནས་བཟུང་། དབོན་པོ་སྡེ་པའི་རུ་ཁག་དང་པོ་ནས་བཟུང་ཏེ་བོད་མིའི་ཁྱིམ་ཚང་རེ་རེའི་ནང་། ༧གོང་ས་མཆོག་གི་སྐུ་པར་ཡོད་མེད་སྔོག་བཤེར་དང་ཁ་པར་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་མེད་སོགས་ཀྱི་ཐད་བརྟག་དཔྱད་སྔོག་བཤེར་བྱེད་འགོ་བཙུགས་རྗེས། ཕྱི་ཟླ་༨་པའི་ཚེས་༢༥་ནས་༢༩་སླར་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་༥༣་ཙམ་ཞིག་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་བསྡད་ཡོད་པ་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བྱུང་།
དེའི་སྔོན་དབོན་པོ་ཡུལ་དགོན་གཉིས་ཀྱི་ནང་གི་བོད་མི་སེར་སྐྱ་མི་མང་༦༠་ཙམ་རྒྱ་ནག་གི་ཉེན་རྟོག་དམག་མིས་འཛིན་བཟུང་བཙན་ཁྲིད་ཀྱིས་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱས་བསྡད་ཡོད་པ་བཅས་ཁྱོན་ད་ལྟ་རྫ་ཆུ་ཁ་དབོན་པོ་ཁུལ་དུ་སྔ་རྗེས་རྒྱ་ནག་གི་ཉེན་རྟོག་དམག་མིས་ཁྱོན་བོད་མི་སེར་སྐྱ་མི་གྲངས་༡༡༣་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་ནི་གཙོ་བོ་ཁོང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཁྱིམ་དུ་སྒྲིག་གཤོམ་དང་བདག་ཉར་བྱས་བ་སོགས་ཀྱི་ཉེས་མིང་འཛུགས་བཞིན་པ་གནས་ཚུལ་ཡོང་ཁུངས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཕྱི་ཟླ་༨་པའི་ཚེས་༣༡་ཉིན་ནས་བཟུང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་རྫ་དབོན་པའི་དགོན་པའི་རང་ལོ་༡༨་ཡན་གྱི་དགེ་འདུན་པ་༢༠་རེ་བྱས་ནས་རྫ་སྨད་ས་གནས་སྲིད་གཞུང་གི་ལས་ཁུངས་སུ་འབོད་འགུག་གིས་སོ་སོས་ཆབ་སྲིད་དང་འབྲེལ་བའི་ནག་ཉེས་བཟོས་ཡོད་མེད་གསལ་བཤད་དང་། མ་འོངས་ནག་ཉེས་མི་བསག་པའི་ཁས་ལེན་བྱེད་དུ་འཇུག་བཞིན་ཡོད་འདུག
ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ཟླ་༨་ཚེས་༣༡་ཉིན་དེ་སྔོན་འཛིན་བཟུང་བྱས་བའི་བོད་མི་གཅིག་དང་། མི་སྐྱ་གཉིས། གཞན་བུད་མེད་གཅིག་བཅས་མི་བཞི་གློད་གྲོལ་བཏང་ཡོད་ཀྱང་བོད་མི་དེ་དག་གི་མིང་སོགས་གནས་ཚུལ་ཁ་གསལ་མི་འདུག
གནས་ཚུལ་ངོ་སྤྲོད་པས། རྒྱ་ནག་གཞུང་གིས་རྫ་ཆུ་ཁ་དབོན་པོ་མཚོན་པས་བོད་ཀྱི་ས་ཁུལ་མང་པོའི་ནང་བོད་མི་ཚོར་སུན་གཙེར་དང་དམ་དྲག་དྲག་གནོན་བྱས་ནས། གཙོ་བོ་བོད་མི་ཚོར་གཉའ་གནོན་དང་བོད་རིགས་ན་གཞོན་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུས་མངའ་མེད་པ་བཟོ་ཐབས་དང་རིམ་པས་བོད་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཞིག་ཡིན་པ་ངོས་འཛིན་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org