འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་དོན་གཅོད་གསར་པར་བསྐོ་གཞག་གནང་ཡོད་པ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་དོན་གཅོད་གསར་པར་བསྐོ་གཞག་གནང་ཡོད་པ་རེད།

འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ། ངོ་དེབ།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་འདི་ག་རླུང་འཕྲིན་ཁང་ནས་བཀའ་འདྲི་ཞུས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། བྱང་ཨ་རིའི་སྐུ་ཚབས་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་འདས་པའི་ལོ་ངོ་བཞི་རིང་སྐུ་ཚབ་དོན་གཅོད་གནང་སྟེ་དོན་གཅོད་ལས་ཡུན་དུས་བཀག་གཙང་གི་ཡོད་པ་བཞིན། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་ཨ་རིར་གནས་བཞུགས་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་གཞག་གནང་གཏན་འཁེལ་ཏེ། རིང་མིན་སྤྱི་ཟླ་༡༢པའི་ཚེས་༡ཉིན་རྣམ་རྒྱལ་ཆོས་སྒྲུབ་ལགས་ཀྱིས་བྱང་ཨ་མི་རི་ཀའི་དོན་གཅོད་གསར་པའི་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད་འདུག།
འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་ཀྱིས་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་སོགས་སུ་ལོ་འགའ་ཤས་རིང་སྲི་ཞུ་སྒྲུབ་མྱོང་ཡོད་པ་དང་། ཁོང་རྒྱ་གར་ལྷོ་ཕྱོགས་ཀྱི་མཡེ་སོར་གཙུག་ལག་སློབ་གཉེར་ཁང་དང་དེ་རྗེས་ཨ་རིའི་མངའ་སྡེ་མེ་སཱ་ཅུ་སེ་ཊིའི་ནང་ཡོད་པའི་ Brandeis གཙུག་ལག་སློབ་གྲྭ་ཆེན་མོ་ནས་རྒྱལ་སྤྱིའི་ཡུན་གནས་འཕེལ་རྒྱས་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་ཡོད་པ་དང་དེ་རྗེས། ཨ་རིའི་ཝ་ཤིང་ཊོན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མི་རྒྱུད་བྱུང་རབས་དཔྱད་རིག་ཐོག་འབུམ་རམས་པའི་སློབ་གཉེར་གནང་འདུག་ལ།  ད་ལྟ་ཨ་རིའི་གྲོང་ཁྱེར་སེན་ཊི་ལའུ་སིའི་( St. Louis) ཁུལ་གྱི་ཝ་ཤིན་ཏོན་གཙུག་ལག་སློབ་གྲྭ་ཆེན་མོ་རུ་མི་རྒྱུད་དཔྱད་རིག་ཚན་པའི་ནང་ཕྱག་ལས་གནང་མུས་ཡིན་པ་རེད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org