རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun ལ་ལྐོག་ཟ་རུལ་སུངས་ཐོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་ནང་ལྐོག་ཟ་རུལ་སུངས་ཐོག་ཞིབ་བཤེར་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་ཁོངས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun ལ་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐད་རྟོག་ཞིབ་བྱེད་བཞིན་ཡོད་འདུག

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun ཨེ་པི།

དེ་ཡང་ཨ་མི་རི་ཀའི་ Financial Times ཞེས་པའི་གསར་ཤོག་དེས་ཨ་མི་རི་ཀའི་གཞུང་ནང་གི་དཔོན་རིགས་དང་དཔོན་རིགས་ཟུར་པ་རྣམས་ཀྱིས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun ནི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཁོངས་ནས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐད་རྟོག་ཞིབ་བྱས་པ་གསུམ་པ་དེ་ཆགས་ཀྱི་ཡོད་སྐོར་བརྗོད་པ་ལུང་འདྲེན་གནང་འདུག    ད་ལྟ་ལྐོག་ཟ་རུལ་སུངས་ཀྱི་ཞིབ་བཤེར་བྱེད་བཞིན་པའི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Dong Jun ནི་སྔ་ལོ་ཕྱི་ཟླ་ ༡༢ པའི་ནང་རྒྱ་ནག་གི་མཚོ་དམག་གི་དམག་སྤྱི་ནས་རྒྱལ་སྲུང་བློན་ཆེན་དུ་བསྐོ་བཞག་བྱུང་བ་ཞིག་ཡིན་པ་རེད་འདུག    ལོ་འདིའི་འགོ་སྟོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་དམར་ཤོག་ཚོགས་པའི་འགོ་འཁྲིད་རྣམས་ཀྱི་ལས་གནས་བགོས་འགྲེམས་བྱས་པའི་ནང་ཁོང་རྒྱ་ནག་གི་མི་སྣ་དྲུག་ལས་འདུས་པའི་དབུས་དམག་དོན་ལྷན་ཁང་གི་ཚོགས་མིར་བསྐོ་བཞག་བྱེད་སྲོལ་ཡོད་ནའང་དེ་ལྟར་བྱུང་མེད་པ་རེད་འདུག    དེ་བཞིན་ཁོང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་གཞུང་གི་དཔོན་རིགས་རྣམས་ཀྱི་ལས་གནས་བགོས་འགྲེམས་སྐབས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མིའི་ཁོངས་སུའང་བསྐོ་བཞག་བྱུང་མེད་པ་རེད་འདུག    རྒྱ་ནག་གི་ལས་ཐོག་རྒྱལ་སྲུང་བློན་ཆེན་ Dong Jun ཙམ་མ་ཟད་ཁོང་གི་གོང་གི་རྒྱལ་སྲུང་བློན་ཆེན་ Li Shangfu དང་ Wei Fenghe རྣམ་གཉིས་ཀྱང་འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org