ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཌོ་ནལ་ཌ་ཊ་རམ་པ་མཆོག་གིས་ཨ་རིའི་སྲིད་འཛིན ༤༧ པའི་མཚན་གནས་འགན་འཁུར་གྱི་དམ་བཅའ་ཕུལ་གནང་སོང་།

མཚན་གནས་འགན་འཁུར་དམ་འབུལ་གྱི་ཉིན་མོར་ཨ་རིའི་རྒྱལ་ས་ཁུལ་གྱི་གནམ་གཤིས་ཧ་ཅང་གྲང་མོ་ཡིན་པས་དམ་འབུལ་གྱི་མཛད་སྒོ་དེ་སྲོལ་རྒྱུན་བཞིན་ཨ་རིའི་གྲོས་ཚོགས་ཀྱི་མདུན་ངོས་སྤང་ཐང་དུ་མ་གནང་བར་གྲོས་ཚོགས་ཀྱི་དབུས་ཚོགས་ཁང་ཆེན་མོའི་ནང་དུ་གོ་སྒྲིག་གནང་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཌོ་ནལ་ཌ་ཊ་རམ་པ་མཆོག་གིས་ཨ་རིའི་སྲིད་འཛིན ༤༧ པའི་མཚན་གནས་འགན་འཁུར་གྱི་དམ་བཅའ་ཕུལ་གནང་སོང་། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༠། ཨེ་ཨེཕ་པི།

སྲིད་འཛིན་དམ་འབུལ་གྱི་མཛད་སྒོའི་ལས་འགུལ་གཙོ་བོ་ནི་སྲིད་འཛིན་བགྲེས་གཞོན་རྣམ་གཉིས་ཀྱི་ལས་འཁུར་དམ་འབུལ་ཡིན་ལ། མཛད་སྒོ་དེ་ཟླ་བ་ ༡ ཚེས་ ༢༠ ཉིན་གུང་ཆུ་ཚོད ༡༢ སྟེང་གནང་སོང་ལ། སྲོལ་རྒྱུན་ལྟར་ལས་འཁུར་དམ་འབུལ་གནང་རྗེས། སྲིད་འཛིན་ཊ་རམ་པ་མཆོག་གིས་ལས་འཁུར་གསུང་བཤད་གནང་ཡོད་པ་རེད། སྲིད་འཛིན་ཊ་རམ་པ་མཆོག་གིས་ཁོང་གི་སྐབས་གཉིས་པའི་སྲིད་འཛིན་དུས་ཡུན་གྱི་མ་འོངས་ལས་འཆར་དང་སྲིད་ཇུས་གསལ་བཤད་གནང་སྐབས། གཙོ་ཆེ་བ་ཞིག་ནི་ཁོང་གིས་མཐུན་སྒྲིལ་དང་ཞི་བདེ་བསྐྲུན་གནང་མཁན་ཞིག་གནང་རྒྱུ་ཡིན་པ་གསུངས་སོང་།
ཡུན་གཏན་གྱི་དམངས་གཙོ་བརྗོད་བྱ་བྱས་པའི་མཛད་སྒོ་དེའི་ལས་འགུལ་གཙོ་བོ་སྲིད་འཛིན་གསར་པ་སྐུ་ཞབས་ཊ་རམ་པ་མཆོག་གི་མཚན་གནས་འགན་བཞེས་ཀྱི་གསུང་བཤད་སྐབས། སྲིད་འཛིན་ཊ་རམ་པ་མཆོག་གིས་ཨ་མེ་རི་ཀའི་གསེར་གྱི་དུས་རབས་གསར་པ་ཞིག་དེ་རིང་ནས་འགོ་ཚུགས་པ་རེད་ཅེས་གསུངས་ཏེ་ལས་འཁུར་དམ་འབུལ་གསུང་བཤད་དབུ་བརྩམས་ནས་རྒྱལ་སྤྱིའི་གནས་བབ་དང་རྒྱལ་ཁབ་ཀྱི་གནད་དོན། མཐའ་མཚམས་སྲུང་སྐྱོབས་ཀྱི་གནད་དོན། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་ཐད་མ་འོངས་པའི་དགོངས་ཚུལ་གསལ་བཤད་གནང་བ་དང་། དེ་བཞིན་དུ་རང་དབང་དང་དམངས་གཙོ། སྨྲ་བརྗོད་རང་དབང་ཕྱིར་མི་དམངས་ལ་སྤྲོད་རྒྱུ་དང་། ཨ་རིའི་ས་འོག་གི་རྡོ་སྣུམ་སྔོག་འདོན་བྱས་ནས་ད་ལྟའི་ཨ་རིའི་ནང་དངོས་ཟོག་གི་རིན་གོང་ཕར་བཞིན་ཡོད་པའི་གནད་དོན་དེ་སེལ་རྒྱུ་མ་ཟད། ཕྱི་ཕྱོགས་ཀྱི་ཚོང་ཟོག་ཐོག་སྒོ་ཁྲལ་སྤར་གནང་རྒྱུའི་ཐབས་ལམ་ལ་བསྟེན་ནས་ཨ་མི་རི་ཀ་རྒྱལ་ཁབ་གྱི་ཚོང་ལས་ཡོང་སྒོ་གསར་པ་ཞིག་སྒོ་འབྱེད་རྒྱུ་ཡིན་ཞེས་གསུངས་པ་དང་མཉམ་དུ་ད་ཕྱིན་ཨ་མི་རི་ཀ་དེ་དག་སྔར་བཞིན་བཟོ་ལས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཞིག་བཟོས་གནང་སྟེ་ཨ་རིའི་མི་མང་ཚོའི་དཔལ་འབྱོར་གོང་འཕེལ་གཏོང་ཐབས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ཡང་ཁོང་གིས་རྒྱལ་ཁབ་གྱི་ལྷོ་ཕྱོགས་མཐའ་མཚམས་ཛ་དྲག་ཡིན་པའི་གནད་དོན་སེལ་རྒྱུར་འཛིན་སྐྱོང་གི་བཀའ་རྒྱ་ཕབ་གནང་བ་དང་། པ་ཎ་མ་མཚོ་ལམ་ཐོག་དེང་སྐབས་རྒྱ་ནག་གིས་ཤུགས་རྐྱེན་ཆེ་བ་ཡོད་པ་དེ་དག་ཆུང་དུ་གཏོང་ཐབས་ཀྱིས་ཨ་མི་རི་ཀས་ད་ཕྱིན་སྟངས་འཛིན་ཆེ་བ་གནང་ཐུབ་རྒྱུའི་ཐབས་ཤེས་གནང་རྒྱུ་ཡིན་པ་གསུང་སོང་། དེ་མིན་གསུངས་བཤད་ཀྱི་མཇུག་ཏུ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། མ་འོངས་པའི་ལོ་བཞིའི་ནང་ངས་ཁྱེད་ཚོས་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ལ། དཀོན་མཆོག་གི་ང་ཚོ་སྐྱོབ་རོགས་གནང་ཞེས་གསུང་བཤད་མཇུག་བསྡོམས་གནང་སྟེ། ཁོང་རང་ཉིད་མཐུན་སྒྲིལ་དང་དང་ཞི་བདེ་བསྐྲུན་མཁན་ཞིག་གནང་རྒྱུ་ཡིན་པ་གསུང་སོང་།
སྲིད་འཛིན་ཊ་རམ་པ་ཡི་ཐུན་མོང་མ་ཡིན་པའི་རང་ཚུགས་དང་རང་གཤིས་ཚ་བས་ཐེངས་འདིའི་སྲིད་འཛིན་ལས་འཁུར་དམ་འབུལ་གྱི་མཛད་སྒོར་རྣམ་པ་གསར་པ་མང་པོ་བསྣན་ཡོད་པ་རེད། སྲོལ་རྒྱུན་ལྟར་ན། ཨ་རིའི་སྲིད་འཛིན་ལས་འཁུར་དམ་འབུལ་གྱི་མཛད་སྒོར་རྒྱལ་ཁབ་གཞན་པའི་གཞུང་ཚབ་ཆེན་པོ་མ་གཏོགས་མགྲོན་འབོད་བྱེད་སྲོལ་མེད་མོད། ད་ཐེངས་ཊ་རམ་པ་ཡིས་རྒྱལ་ཁབ་མང་པོའི་དབུ་ཁྲིད་དམིགས་བསལ་མགྲོན་འབོད་གནང་ཡོད་ལ། ཨེ་ཊ་ལི་སྲིད་བློན་དང་ཨར་རྗེན་ཊེ་ནའི་སྲིད་འཛིན། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲིང། དེ་མིན་རྒྱ་གར་དང་ཉི་ཧོང་། ཨོསི་ཏྲེ་རི་ལེ་ཡ་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཕེབས་ཡོད་པ་རེད། གཞན་ཡང་ཨ་རིའི་ཚན་རྩལ་འགོ་ཁྲིད་འབྱོར་ལྡན་ཁག་མང་པོ་ཞིག་མཉམ་ཞུགས་གནང་འདུག
ཨ་རིའི་རྩ་ཁྲིམས་གྱི་དོན་ཚད ༢༠ པར་ལོ་བཞི་རེའི་མཚམས་ཀྱི་ཟླ ༡ པོའི་ཚེས ༢༠འི་ཉིན་སྲིད་འཛིན་ལས་འཁུར་དམ་འབུལ་གྱི་ཉིན་མོར་གཏན་འབེབས་བྱས་ཡོད་ལ། ཉིན་མོ་དེར་བདམས་ཐོན་སྲིད་འཛིན་གྱི་ལས་འཁུར་དམ་བཅའ་ཕུལ་ནས་རྒྱལ་ཁབ་ཀྱི་དབང་ཆ་འཛིན་དགོས་ལ། སྲིད་འཛིན་གྱི་ངེས་པར་དུ་རྩ་ཁྲིམས་སུ་གཏན་འབེབས་ཡོད་པའི་མནའ་ཚིག་ལྟར་དམ་ཆ་འཇོག་དགོས། སྲིད་འཛིན་ལས་འཁུར་དམ་འབུལ་གྱི་མཛད་སྒོ་དེ་རྒྱུན་སྲོལ་ལྟར་ན་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་བའི་གཙོ་སྐྱོང་གནང་དགོས་ཀྱི་ཡོད་ཅིང།སྲིད་འཛིན་དམ་འབུལ་གྱི་མཛད་སྒོ་དེ་ནི་ཨ་རིའི་དམངས་གཙོའི་རྒྱུན་འཁྱོངས་རང་བཞིན་དང་གཟི་བརྗིད་རང་བཞིན་གྱི་མཚོན་རྟགས་ཡིན་པ་རེད། སྲོལ་རྒྱུན་འདི་བཞུབ་༡༧༨༩འི་ལོར་ཨ་རིའི་སྲིད་འཛིན་ཐོག་མ་ཇོར་རྗི་ཝ་ཞིང་ཊོན་ནས་དབུ་ཚུགས་པ་ཞིག་རེད།

སྲིད་འཛིན་ལས་འཁུར་དམ་འབུལ་དང་དུས་མཉམ་དུ། ཕོ་བྲང་དཀར་པོས་སྲིད་འཛིན་གསར་པར་ཕེབས་བསུའི་ལས་དོན་རིགས་གྲ་སྒྲིག་ཨང་གསར་བྱེད་དགོས་ལ། དཔེར་ན་ཁང་པའི་ནང་གི་ཚད་དྲོད་དང་ནང་མི་དགའ་མོས་བྱེད་པའི་ཞོར་ཟས། ཁྲུས་ཁང་ལ་མཁོ་བའི་བཅའ་དངོས་སོགས། རྒྱུད་རིམ་དེ་ཆུ་ཚོད་ལྔ་ཡི་ནང་འཇོགས་དགོས། ད་དུང་བཤད་རྒྱུ་ཞིག་ནི་སྲིད་འཛིན་གསར་པའི་དམ་འབུལ་གནང་རྗེས་སྲིད་འཛིན་ཟུར་པ་ཕྱིར་རང་གི་ས་གནས་སུ་ཕྱིར་ལོག་གནང་གི་ཡོད་པ་རེད།

སྲིད་འཛིན་ཊ་རམ་པ་ཡི་ལས་འཁུར་དམ་འབུལ་མཛོད་སྒོ་རུ་ཨ་རིའི་སྲིད་འཛིན་ལས་ཐོག་རྗོ་བྷའེ་ཌེན་གཏན་ཞལ་རྣམ་གཉིས་དང་། སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་གཏན་ཞལ་། སྲིད་འཛིན་ཟུར་པ་བྷུ་ཞི་དང་ སྲིད་འཛིན་ཟུར་པ་ཀི་ལེན་ཊོན་བཅས་ཀྱི་གཏན་ཞལ་གཉིས་དང་ སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། དེ་བཞིན་དུ་ཨ་རིའི་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་བ་རྣམས་དང་གྲོས་ཚོགས་འཐུས་མི་རྣམས། འཛིན་སྐྱོང་སྡེ་ཁག་གི་མཛད་གཙོ་རྣམས་པ་གཙོས་དམིགས་བསལ་སྐུ་མགྲོན་༦༠༠ལྷག་མཛད་སྒོ་ཚུགས་ཡུལ་ཨ་རིའི་གྲོས་ཚོགས་དབུས་ཚོམས་ཆེན་ནང་ཕེབས་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org