རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ལུས་པོའི་ཁྲག་ནས་DNA མཁོ་སྒྲུབ་བྱེད་བཞིན་པ།
བོད་མིའི་ལུས་ཀྱི་ཁྲག་བཙག་ནས་དངོས་སུ་བོད་མིའི་ཐོག་དམ་དྲག་དང་དྲག་གནོན་བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་འདུག
- 2022-09-05
-
-
-
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནང་གི་བོད་མིའི་ཁྲག་བཙག་ནས་DNA མཁོ་སྒྲུབ་བྱེད་པའི་ལས་གཞི་གཙོས་པའི་བོད་ནང་དུ་འཛིན་པའི་རྒྱ་ནག་གཞུང་གི་སྲིད་ཇུས་ཧ་ཅང་གི་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་ཕྱི་ཟླ་༩ཚེས་༥ རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གསུངས་ཡོད་པ་རེད།
གནས་ཚུལ་འདིའི་ནང་ད་དུང་། ཁོང་ཚོར་གནས་ཚུལ་རགས་པའི་ནང་རྒྱ་ནག་གཞུང་ལ་བོད་མི་ཚོས་ཁྲག་བཙག་གི་མིན་ཟེར་ས་མེད་པ་དང་། ཁྲག་བཙག་སྐབས་ཉེན་རྟོག་པར་ཁྲག་བཙག་སའི་མི་དེས་ནག་ཉེས་བསག་པའི་དཔང་རྟགས་གང་ཡང་དགོས་ཀྱི་མེད་པ་རེད་ཅེས་གསུངས་འདུག
ཉེ་ཆར་ཕྱི་ཟླ་བཞི་པའི་ནང་ལྷ་ས་གྲོང་སྡེ་ལྷན་ཁང་གིས་གནས་ཚུལ་ཞིག་སྤྱི་བསྒྲགས་བྱས་པའི་ནང་DNA མཁོ་སྒྲུབ་ཀྱི་ཆེད་དུ་ཁྲག་བཙག་པའི་ལས་གཞི་དེ་ནི་ལུགས་མཐུན་གྱི་ཐོག་ནས་སྔོན་འགྲོའི་སློབ་གྲྭར་འགྲོ་མཁན་གྱི་སློབ་ཕྲུག་དང་དེ་མིན་གྱི་ས་གནས་གྲོང་མི་ནས་མཁོ་སྒྲུབ་བྱེད་བཞིན་ཡོད་པའི་གནས་ཚུལ་དང་། དེ་བཞིན་བོད་ཀྱི་མཚོ་སྔོན་ཞིང་ཆེན་གྱིས་༢༠༢༠ ལོའི་ཕྱི་ཟླ་༡༢ པའི་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཁྲག་བཙག་ནས་DNA མཁོ་སྒྲུབ་ཀྱི་ལས་གཞི་དེ་བུ་ལོ་ལྔ་དང་དེ་ཡན་གྱི་ལོ་ཚད་ཚང་མ་ནས་བསྡུ་རུབ་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་ལུང་འདྲེན་གནང་ཡོད་ལྟར། རྒྱ་ནག་གཞུང་གིས་བོད་མིའི་འདོད་བློ་ཡོད་མེད་ལ་མ་ལྟོས་པར་བོད་མིའི་ལུས་ཀྱི་ཁྲག་བཙག་ནས་དངོས་སུ་བོད་མིའི་ཐོག་དམ་དྲག་དང་དྲག་གནོན་བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད་པ་རེད་ཅེས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་འགྲོ་བ་མིའི་ཐོབ་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་Sophie Richarson ལགས་ཀྱིས་གསུངས་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ལུས་ནས་ཁྲག་བཙག་ནས་DNA མཁོ་སྒྲུབ་གཞི་རྒྱ་ཆེན་པོ་བྱ་ཡུལ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་ཀྱི་ས་ཁུལ་ཁག་བདུན་ཡོད་པ་དེ་དག་ནི་ས་ཁུལ་གཅིག་དང་རྫོང་ཁག་གཉིས། གྲོང་གཉིས། གྲོང་མཚོ་གཉིས། གྲོང་གསེབ་ས་ཁུལ་བདུན་བཅས་ཡིན་པ་གསུངས་འདུག།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།