རྒྱ་གར་ཀཤ་མིར་གྱི་པ་ཧལ་གམ་ས་གནས་སུ་དྲག་སྤྱོད་པས་མི་སྣ་ ༢༦ དམར་གསོད་བཏང་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་དང་ཉིན་གཅིག་རིང་མེག་གྷན་གྱི་ཚོང་ཁང་རིགས་སྒོ་བརྒྱབ་འདུག

ཟླ་ ༤ ཚེས་ ༢༢ ཉིན་རྒྱ་གར་བྱང་ཕྱོགས་ཇམ་མུ་དང་ཀཤ་མིར་མངའ་སྡེའི་པ་ཧལ་གམ་ས་གནས་སུ་དྲག་སྤྱོད་པའི་རྒོལ་རྡུང་འོག་མི་སྣ་ ༢༦ དམར་གསོད་དང་། གཞན་མང་པོར་རྨས་སྐྱོན་ཕོག་པར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཚོང་ཁང་རིགས་སྒོ་བརྒྱབ་འདུག་ལ། ཕྱི་དྲོ་ཆུ་ཚོད་ ༤ ཐོག་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་སོང་།

རྡ་སར་ཀཤ་མིར་གྱི་པ་ཧལ་གམ་གནད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྐབས། ༢༠༢༥།༠༤།༢༤ ཉིན། RFA/ Tenzin Woeser

ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༢ ཉིན་རྒྱ་གར་བྱང་ཕྱོགས་ཇམ་མུ་དང་ཀཤ་མིར་མངའ་སྡེའི་པ་ཧལ་གམ་ས་གནས་སུ་དྲག་སྤྱོད་པའི་རྒོལ་རྡུང་འོག་མི་སྣ་ ༢༦ དམར་གསོད་དང་། གཞན་མང་པོར་རྨས་སྐྱོན་ཕོག་པར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཚོང་ཁང་རིགས་སྒོ་བརྒྱབ་འདུག་ལ། ཕྱི་དྲོ་ཆུ་ཚོད་ ༤ ཐོག་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་སོང་།

ཕྱི་ཚེས་ ༢༢ ཉིན་གྱི་དྲག་སྤྱོད་པའི་རྒོལ་རྡུང་བྱུང་རྐྱེན་འཛམ་གླིང་རྒྱལ་ཁབ་མང་པོའི་དབུ་ཁྲིད་རྣམ་པས་རྒྱ་གར་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་གནང་འདུག་པ་མ་ཟད། དྲག་སྤྱོད་རིང་ལུགས་མེད་པ་བཟོ་རྒྱུའི་ལས་འགུལ་མཉམ་སྦྲེལ་གནང་རྒྱུ་ཡིན་པའང་གསུངས་འདུག

དྲག་སྤྱོད་པའི་རྒོལ་རྡུང་གི་དོན་རྐྱེན་བྱུང་རྗེས་རྒྱ་གཞུང་གིས་པ་ཀིས་ཐན་ལྷན་བཞག་པའི་སེངྒེ་གཙང་ཆུའི་ཆིངས་ཡིག་ཕྱིར་འཐེན་བྱ་རྒྱུ་མཚོན་པའི་རྒྱ་གར་ནང་པ་ཀིས་ཐན་གྱི་མི་སེར་ལ་མཐོང་མཆན་བཀག་སྡོམ་དང་། ད་ལྟ་རྒྱ་གར་ནང་ཡོད་པའི་པ་ཀིས་ཐན་གྱི་མི་སེར་རྣམས་ཕྱིར་ལོག་དགོས་པའི་གསལ་བསྒྲགས་སྤེལ་ཡོད།

རྡ་སར་ཀཤ་མིར་གྱི་པ་ཧལ་གམ་གནད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྐབས། ༢༠༢༥།༠༤།༢༤ ཉིན།

ཀཤ་མིར་པ་ཧལ་གམ་ས་གནས་སུ་དྲག་སྤྱོད་པའི་རྒོལ་རྡུང་འོག་ཡུལ་སྐོར་བ་གཙོས་པའི་མི་སྣ་ ༢༦ རྐྱེན་ལམ་དུ་བཏང་བར་མྱ་ངན་གུས་འདུད་ཆེད་བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་དུ་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་མར་མེ་ཁྲོམ་སྐོར་གནང་སོང་།

སྐབས་དེར་རྡ་ས་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཀུན་གསལ་ལགས་ཀྱིས་ཁ་སང་ཀཤ་མིར་ནང་དུ་དྲག་སྤྱོད་པའི་རྒོལ་རྡུང་གི་དོན་རྐྱེན་བྱུང་བར་འདས་པོ་རྣམས་ཐེ་བའི་རྒྱ་གར་མི་མང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་པ་ཡིན་སྐོར་གསུངས་བྱུང་། དེ་བཞིན་མེག་གྷན་རྒྱ་གར་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ན་རེནྡྲ་པ་ཋ་ནི་ཡ་ལགས་ཀྱིས་ད་ལན་གྱི་གནས་སྟངས་དེ་ལྟ་བུ་ཞིག་བྱུང་མི་དགོས་པ་ཞིག་ཡིན་པ་དང་། ང་ཚོས་རྒྱ་གར་གཞུང་ལ་གནས་སྟངས་དེའི་རྒྱབ་ཀྱི་ཉེས་ཅན་པ་སུ་ཡིན་རུང་དེ་ལ་གཞུང་ངོས་ནས་ཉེས་ཆད་འགེལ་དགོས་ལ། ད་ལན་གྱི་དོན་རྐྱེན་དེའི་ནང་ཕྲུག་གུ་ཆུང་ཆུང་ཚོར་ཡང་གནོད་སྐྱོན་ཕོག་ཡོད་པས་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་།

མ་ཟད་མཉམ་ཞུགས་པ་རཇ་པལ་པ་ཋ་ནི་ཡ་ལགས་ཀྱིས་ཀྱང་། དེ་རིང་ང་ཚོ་ཚང་མ་འདིར་འཛོམས་ནས་ཁ་སང་ཇམ་མུ་ཀཤ་མིར་ནང་དྲག་སྤྱོད་པའི་རྒོལ་རྡུང་འོག་འདས་གྲོངས་སུ་འགྲོ་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། འདས་པོ་དེ་དག་འཆི་ལམ་བདེ་བའི་ཆེད་༸གོང་ས་མཆོག་གི་ཕོ་བྲང་བར་དུ་མར་མེ་ཁྲོམ་སྐོར་བྱས་ཡོད། དེ་རིང་འདིར་བོད་མི་གྲོགས་པོའང་མང་པོ་ཕེབས་འདུག་པས། ཁོ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

གཞན་ཡང་ཟླ་ ༤ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སྤྱི་ཚོགས་དྲ་ལམ་ (X) ཐོག ཀཤ་མཱིར་དུ་བྱུང་བའི་དོན་རྐྱེན་ཐད་བློ་ཕམ་གསལ་སྟོན་གནང་བ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ངོས་ནས་དོན་རྐྱེན་དེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་འདུག་ལ། དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་རྒྱ་གར་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་འདུག

དེ་མ་ཟད་ཕྱི་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག་དྲག་སྤྱོད་དོན་རྐྱེན་དེའི་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་མཆོད་འབུལ་སྨོན་ལམ་གསུང་འདོན་དང་། དེ་རྗེས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་འདུག །

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org