༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་མཁན་རྒྱལ་ཁབ་༦༥ ཙམ་ནས་ཕེབས་འབྱོར་བྱུང་འདུག
ཕྱིའི་རྒྱལ་ཁབ་ཁག་ ༦༥ ཙམ་ཞིག་ནས་གསུང་ཆོས་ཀྱི་ཐོ་འགོད་ཟིན་ཡོད་ལུགས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་ཚེས་རིང་དར་རྒྱས་ལགས་ཀྱིས་འགྲེལ་བརྗོད་གནང་བ།
- 2022-12-24
-
-
-
Your browser doesn’t support HTML5 audio
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་སྦི་ཧར་མངའ་སྡེའི་ནང་གི་གནས་མཆོག་རྡོ་རྗེ་གདན་དུ་འདི་ལོའི་ཟླ་མཇུག་ཏུ་ཉིན་གྲངས་གསུམ་རིང་གསུང་ཆོས་གནང་གཏན་འཁེལ་བ་ལྟར་ད་བར་ཕྱིའི་རྒྱལ་ཁབ་གྲངས་༦༥ཙམ་ནས་ཆོས་ཞུ་བ་ཐོ་འགོད་གནང་བཞིན་འདུག
གནས་མཆོག་རྡོ་རྗེ་གདན་ས་གནས་སུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གསུང་ཆོས་ཐོ་འགོད་ཁང་དུ་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ནས་གྲྭ་བཙུན་དང་། རང་ལོ་ ༦༠ ཡན་གྱི་བགྲེས་སོང་། དབང་པོ་སྐྱོན་ཅན། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་གསུང་ཆོས་ཕྱག་འཁྱེར་འབུལ་བཞིན་ཡོད་པ་དང་། ད་བར་ཕྱིའི་རྒྱལ་ཁབ་ཁག་ ༦༥ ཙམ་ཞིག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཐོ་འགོད་ཟིན་ཡོད་ལུགས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་ཚེས་རིང་དར་རྒྱས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་ཆེད་བོད་ནས་ཕེབས་མཁན་དད་ལྡན་ཆོས་ཞུ་བ་ཚོའི་ཆེད་དུ་བོད་གཞུང་དབུས་སྣེ་ལེན་ཁང་གིས་འདི་ཚེས་ ༡༣ ཉིན་ནས་བཞུགས་གནས་དང་དུས་གསུམ་གྱི་ཞལ་ལག་དེ་བཞིན་གསུང་ཆོས་ཕྱག་འཁྱེར་ཞུ་རྒྱུ་སོགས་ཀྱི་དམིགས་བསལ་མཐུན་འགྱུར་སྦྱོར་བཞིན་ཡོད་སྐོར་དབུས་སྣེ་ལེན་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་སྐྱིད་ལགས་ཀྱིས་གསུངས་བྱུང་།
འདི་ལོའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དེ་བཞིན་སྔར་ལམ་བཞིན་རྡོ་རྗེ་གདན་དུས་འཁོར་ཐང་ཆེན་གསུང་ཆོས་རྭ་བའི་ནང་གནང་གཏན་འཁེལ་ཡོད་པ་བཞིན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་སྒྲ་སྒྲིག་ཚ་ཚ་འུར་འུར་ངང་གནང་བཞིན་ཡོད་པ་དང་། ད་བར་ལས་དོན་རྒྱ་ཆ་ ༨༠ ལྷག་བསྒྲུབས་ཟིན་ཡོད་པ་དང་འདི་ཚེས་༢༦ སྔོན་གྲ་སྒྲིག་ཆ་ཚང་ལེགས་འགྲུབ་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་བླ་མ་དཀོན་མཆོག་ལགས་ཀྱིས་གསུངས་བྱུང་།
ཆོས་ཞུ་བ་མི་ཚོགས་མང་པོ་ཞིག་འདུ་འཛོམས་གནང་གི་ཡོད་སྟབས་མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་དུ་བོད་གཞུང་སྨན་རྩིས་ཁང་དང་འཕྲོད་བསྟེན་ལྷན་ཁང་། དེ་བཞིན་ས་གནས་གཞུང་གི་སྨན་ཁང་དང་གདན་ས་ཁག་བཅས་ཀྱིས་འཕྲོད་བསྟེན་སྨན་ཁང་སོགས་ཀྱི་མཐུན་འགྱུར་སྦྱོར་སྤྲོད་གནང་བཞིན་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་འདིའི་ཕྱི་ཚེས་༢༩ ནས་༣༡ བར་ཉིན་གྲངས་གསུམ་རིང་བྱང་ཆུབ་སེམས་འགྲེལ་དང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་ཆོས་བསྩལ་རྒྱུའི་མཛད་འཆར་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག