བསང་ཆུའི་ཉེན་རྟོག་པས་གྲྭ་འཇམ་དབྱངས་སྦྱིན་པ་བཙན་ཁྲིད་བྱས།

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་འཇམ་དབྱངས་སྦྱིན་པ་བསང་ཆུའི་ཉེན་རྟོག་པས་གསལ་བཤད་ཅི་ཡང་མེད་པར་བཙན་ཁྲིད་བྱས་འདུག

བསང་ཆུའི་ཨ་མཆོག་གི་གྲྭ་འཇམ་དབྱངས་སྦྱིན་པ། མགོ་ལོག་འཇིགས་མེད།

མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་དོན། ༢༠༡༥་ལོའི་སྤྱི་ཟླ་༣་བའི་ཚེས་༡༣་ཉིན་གྱི་དགོང་མོར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་ཨ་མཆོག་འཇམ་དབྱངས་སྦྱིན་པ་བསང་ཆུའི་ཉེན་རྟོག་པས་གསལ་བཤད་ཅི་ཡང་མེད་པར་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་བར་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོ་རང་འཛིན་དགོས་པའི་གནས་ཚུལ་གང་ཡང་ནང་མི་ལ་བརྡ་སྤྲད་སྤྲད་མེད་ཐོག་གནས་སྟངས་གསལ་བོ་མེད་པར་ལྷག་འདུག
འཇམ་དབྱངས་སྦྱིན་པ་ནི་སྐྱེས་ཡུལ་ཨ་མཆོག་ཡར་རུ་རྒྱུད་ནས་ཡིན་ཞིང་། དགུང་ལོ༤༣ཙམ་ཡིན་པ་དང་། ཆུང་དུས་ནས་བླ་བྲང་དགོན་པར་ཡོང་ནས་དགོན་པའི་སྒྲིག་ཁུངས་སུ་ཚུད་ཕྱིར་འགྲེལ་བ་དོན་གསལ་དང་སྤྱོད་འཇུག་ཆེན་མོ་། དྲང་ངེས་ལེགས་བཤད་སྙིང་བོ་སོགས་བློར་བཟུང་ནས་༡༩༩༣ལོར་བླ་བྲང་དགོན་བར་ཚོགས་ཞུགས་བྱེད་ཐུབ་པ་བྱུང་ཡོད་འདུག ༢༠༠༨་ལོའི་སྤྱི་ཟླ་༥་བའི་ཚེས་༧་དགོང་མོ་བླ་བྲང་དགོན་པ་རྒྱ་གཞུང་དམག་མིས་སྔོག་བཤེར་དང་ཅ་དངོས་འཕྲོག་བཅོམ་། གྲྭ་བ་བརྒྱ་དང་བདུན་ཅུ་ལྷག་འཛིན་བཟུང་བྱེད་སྐབས་འཇམ་དབྱངས་སྦྱིན་པ་བཟུང་ཡོད་ལ། དེ་ནས་གྲྭ་བ་མང་བོ་ཞིག་ཉིན་ཤས་རྗེས་ནས་གློད་ཡོད་ཀྱང་འཇམ་དབྱངས་སྦྱིན་པ་ཉིན་གྲངས་བཞི་བཅུ་ཡན་མན་ཞིག་ལ་བཀག་ཉར་དང་རྡུང་རྡེག་མནར་གཅོད་བྱས་ཡོད། མགོ་ལོག་འཇིགས་མེད་ལགས་ཀྱིས། སྐབས་དེར་འཇམ་དབྱངས་སྦྱིན་པ་དང་ཁོ་གཉིས་སྟག་གི་རྐུབ་སྟེགས་ཞེས་པའི་ཁྲིམས་ཆས་དེ་བཀོལ་ནས་སྡུག་སྦྱོང་མནར་གཅོད་བྱས་པ་བརྗོད་བྱུང།

གསར་འགོད་པ་ཀླུ་འབུམ།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

གསར་འགོད་པ་བསོད་ནམས་དབང་འདུས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org