ཆབ་སྲིད་བཙོན་ཟུར་ཞིག་ནད་མནར་གྱི་གནས་སྟངས་ཚབས་ཆེན་ཡིན་ཡང་སྨན་བཅོས་མ་ཐུབ་པར་ལུས་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་མཁལ་མ་དང་མཆིན་པ་ནད་མནར་གྱི་གནས་སྟངས་ཚབས་ཆེན་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཕར་ཚུར་སྨན་བཅོས་བྱེད་པར་མི་གཏོང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་ནག་གིས་འཇུ་བཟུང་བྱས་བའི་དགེ་འདུན་པ་ཆོས་ཀྱིས་དང་འཇུ་བཟུང་རྗེས་གློད་པའི་སྐྱིད་འཛོམས་དང་མོའི་བུ་གྲགས་པ། བོད་འབྱོར།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་མཁལ་མ་དང་མཆིན་པ་ནད་མནར་གྱི་གནས་སྟངས་ཚབས་ཆེན་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཕར་ཚུར་སྨན་བཅོས་བྱེད་པར་མི་གཏོང་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་ལུགས་སོགས་ལ་བརྙད་བཏགས་ཏེ། གསེར་རྟ་རྫོང་གི་དགེ་འདུན་པ་ཆོས་ཀྱིས་ལགས། དེ་སྔ་༢༠༡༥་ལོར་འཛིན་བཟུང་གིས་མི་ལོ་བཞི་ལ་བཙོན་འཇུག་རྗེས་༢༠༡༩་ལོར་གློད་གྲོལ་བཏང་ཡོད་ནའང་། ཁོང་ལ་བཙོན་ཁང་དུ་རྒྱ་ནག་ཉེན་རྟོག་པས་མནར་གཅོད་ཚབས་ཆེན་བཏང་སྟབས། མཁལ་མ་དང་མཆིན་པ་སོགས་དོན་ལྔ་སྣོད་དྲུག་ནད་མནར་ཚབས་ཆེན་གྱི་དབང་གིས། ད་ལྟ་གནས་སྟངས་ཧ་ཅང་ཛ་དྲག་གི་ངོ་བོར་ལྷག་ཡོད་མོད། རྒྱ་ནག་གཞུང་གིས་ཁོང་སྨན་བཅོས་ཀྱི་ཆེད་ཁྲིན་ཏུའུ་དང་འབར་ཁམས་སུ་འགྲོ་རྒྱུར་བཀག་འགོག་བྱེད་བཞིན་པ་དང་། མཚོ་སྔོན་དང་ལྷ་ས་བཅས་སུ་འགྲོ་རྒྱུར་བཀག་འགོག་ཐེབས་བཞིན་པ། དགེ་འདུན་པ་ཁོང་ལ་ཆ་རྒྱུས་ཡག་པོ་ཡོད་པ་བཙན་བྱོལ་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གཞན་ཡང་བོད་ནང་གི་རྩོམ་པ་བོ་དང་ཆབ་སྲིད་བཙོན་ཟུར་སྒྱིས་ཚང་སྟག་སྨུག་ལགས། ཆེད་དུ་ཉེ་ལམ་སྤྱི་ཟླ་༤་པའི་ཚེས་༢༩་ཉིན་གསེར་རྟ་རྫོང་དུ་ཕེབས་ཏེ། དགེ་འདུན་པ་ཆོས་ཀྱིས་ལགས་ལ་གཟིགས་སྐོར་ཁམས་འདྲི་དང་འབྲེལ། སྒྱིས་ཚང་སྟག་སྨིག་ཁོ་རང་གི་མྱོང་ཚོར་དང་མཐོང་སྣང་ཞིག་དྲ་ལམ་དུ་ཡོངས་གྲགས་སྤེལ་ཡོད་ཅིང་། ཨོ་སི་ཁྲི་ལེ་ཡའི་ནང་གནས་སྡོད་བོད་གནས་ཉམས་ཞིབ་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས། རྩོམ་ཡིག་དེ་དངོས་ཡོད་གནས་ཚུལ་ཡིན་པ་གསུང་བ་དང་མཉམ་སྒྱིས་ཚང་སྟག་སྨུག་གི་རྩོམ་ཡིག་དེའི་ནང་། དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་གནས་སྟངས་ཤིན་ཏུ་ཛ་དྲག་ཡིན་པས། ཤ་ཟད་ལྤགས་སྐམ་དུ་གྱུར་ཏེ་ངག་ཀྱང་འཁྲོལ་དཀའ་བའི་གནས་སུ་ལྷུང་འདུག་པ་སོགས་བྲིས་ཡོད་པ་ངོ་སྤྲོད་གནང་བྱུང་།
ད་དུང་རྩོམ་ཡིག་དེའི་ནང་མོ་རྩིས་ཀྱི་བབས་ལྟར་ན་ལྷ་སའི་སྨན་ཁང་ཆེ་བ་ཞིག་ཏུ་སོང་ན་བཟང་གི་ཞེས་ཁ་གཅིག་གྲགས་བྱུང་སྟེ། ནད་པ་ཁོང་ཉིད་ཀྱང་དེ་ལ་འགྲོ་འདོད་ཤིན་ཏུ་ཆེ་རུང་། གཞུང་གིས་ལྷ་ས་ལ་འགྲོ་རྒྱུར་ཆོག་མཆན་བཀོད་མི་འདུག་ཅེས་འཁོད་ཡོད་པ་རེད།
ད་ལྟ་དགུང་ལོ་༤༣་ཙམ་སོན་པ་དགེ་འདུན་ཆོས་ཀྱིས་ལགས་ནི། སྤྱི་ལོ་༢༠༡༥་ལོའི་ཟླ་༦་པའི་ཚེས་༡༩ཉིན་རྒྱ་ནག་གཞུང་གིས་གསེར་རྟ་རྫོང་ཐོག་ཏུ་འཛིན་བཟུང་གིས། སི་ཁྲོན་མེན་ཡང་བཙོན་ཁང་སོགས་སུ་བཙོན་འཇུག་ལོ་བཞི་མ་ཟིན་ཙམ་བྱས་རྗེས། སྤྱི་ལོ་༢༠༡༩་ལོའི་ཟླ་༡་ཚེས་༡༨་ཉིན་གློད་གྲོལ་བྱུང་བ་དང་། ཕ་ཡུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན། ཞོ་སང་སྡེ་བ་ནས་ཡིན་པར། ཕ་མིང་ལ་ཞོ་སྐྱ་ཉོ་དང་། མ་མིང་ལ་ཚེ་རིང་སྐྱིད་ཟེར་གྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org