རྒྱ་གར་རྒྱལ་ནང་མཐོ་རིམ་སློབ་གྲྭའི་བོད་རིཌ་སློབ་ཕྲུག་གི་ཚོཌ་ཆེན།
རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བོད་རིགས་སློབ་ཕྲུག་གི་ཚོགས་ཆེན་དེ་ལྦ་ར་ན་སི་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཚོགས་བཞིན་པ།
-
2009-02-13 -
-
-
༄༅༎བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་ལགས་ལྦ་ར་ན་སི་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཚོགས་བཞིན་པའི་རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བོད་རིགས་སློབ་ཕྲུག་གི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་སྐུ་མགྲོན་དུ་གདན་ཞུ་ཕུལ་བ་ལྟར་ཚོགས་བཅར་གནང་སྟེ་ལྷན་ཚོགས་དེའི་ཐོག་བོད་དང་རྒྱལ་སྤྱིའི་གནས་བབ།དེ་བཞིན་བཙན་བྱོལ་བོད་གཞུང་གི་ཕྱག་ལས་གནང་ཕྱོགས་སྐོར་གཙོ་བོ་གསུང་བཤད་གནང་རྒྱུ་ཡིན་པ་རེད།
ལྷན་ཚོགས་དེ་ནི་ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་ནས་འགོ་བཙུགས་ཏེ་ཕྱི་ཚེས་བཅུ་བདུན་བར་ཉིན་གྲངས་དྲུག་རིང་ཚོགས་རྒྱུ་ཡིན་ཞིང་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་བོད་པའི་སློབ་ཕྲུག་ཚོར་བོད་དོན་གྱི་གོ་རྟོགས་འཕེལ་ཐབས་དང་སྤྱི་ཚོགས་ནང་བོད་དོན་གྱི་འགན་འཁུར་ལེན་ཐབས་ཀྱི་སྐུལ་དེད་གཏོང་ཐབས་ལྷག་པར་དུ་སློབ་ཕྲུག་ནང་ཁུལ་ཕན་ཚུན་བར་ལ་འབྲེལ་ལམ་ཉེ་རུ་གཏོང་ཐབས་སོགས་ཡིན་པ་རེད།
ད་དུང་ལྷན་ཚོགས་དེའི་ཐོག་གསུང་བཤད་གནང་མཁན་ནང་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་མཆོག་གིས་དེང་རབས་ཀྱི་གཞོན་སྐྱེས་ཚོས་ནང་ཆོས་ཐོག་ལ་བལྟ་ཚུལ་དང་མ་འོངས་པའི་སྤྱི་ཚོགས་ནང་བོད་མི་གཞོན་སྐྱེས་ཚོ་གནད་འགག་ཇི་ཙམ་ཡིན་མིན་སྐོར་ལ་གསུང་བཤད་གནང་རྒྱུ་དང་དེ་ནས་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ནས་ཡོང་བའི་སློབ་ཕྲུག་ཚོའི་བར་ལ་བོད་ཀྱི་ད་ལྟའི་གནས་སྟངས་དང་འབྱུང་འགྱུར་བོད་ཀྱི་གནས་སྟངས་སྐོར་ལ་ཉམས་མྱོང་དང་བསམ་ཚུལ་སྤེལ་རེས་བྱ་རྒྱུ་ཡིན་པ་རེད། རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བོད་རིགས་སློབ་ཕྲུག་གི་ཚོགས་ཆེན་དེ་བཞིན་ཐོག་མར་ཉིས་སྟོང་དྲུག་ལོའི་ཕྱི་ཟླ་དགུ་པའི་ཚེས་གཉིས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འགོ་འབྱེད་བྱས་པ་ནས་བཟུང་ད་བར་རྒྱ་གར་གྱི་གྲོང་ཁྱེར་མེང་ལཱོར་དང་བཞུགས་སྒར་རྡ་རམ་ས་ལར་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་བྱས་ཡོད་པ་རེད།