ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་མི་ཞིག་གིས་ཐེངས་དང་པོ་གཏམ་བཤད་གནང་བ།
ཨ་རིའིགཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐེངས་དང་པོར་བོད་རིགས་ཨ་རི་བ་Aftab Karma Singh Pureval ལགས་ཀྱིས་གསུང་བཤད་གནང་འདུག
- 2024-08-23
-
-
-
ཨ་རིའི་ Chicago གྲོང་ཁྱེར་ནང་འཚོགས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་རིགས་ཨ་རིའི་ Ohio མངའ་སྡེའི་ Cincinnati གྲོང་ཁྱེར་སྤྱི་ཁྱབ་པ་ Aftab Karma Singh Pureval ལགས་ཀྱིས་ཕྱི་ཚེས་༢༢ ཉིན་གསུང་བཤད་གནང་འདུག
ཁོང་གིས་ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་འཛོམས་པའི་ཚོགས་མི་སྟོང་ཕྲག་མང་པོའི་ཁྲོད་ང་ནི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན། ད་ལྟའི་ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་Kamala Haris ལགས་སྲིད་འཛིན་དུ་འདེམས་ཐོན་བྱུང་ན། རྒྱལ་ཁབ་ཡར་རྒྱས་མུ་མཐུད་དུ་འགྲོ་རྒྱུ་རེད་ཅེས་གསུང་བཤད་གནང་འདུག
དེ་ཡང་ཉིན་གཅིག་རྗེས་སུ་Cincinnati གྲོང་ཁྱེར་སྤྱི་ཁྱབ་པ་ Aftab Karma Singh Pureval ལགས་ཀྱིས་སྤྱི་ཚོགས་དྲ་རྒྱ་Xཐོག་ལོ་ངོ་ ༤༤ ཡི་གོང་དུ་ངའི་ཕ་མ་གཉིས་ཀྱིས་བོད་དང་རྒྱ་གར་བཞག་ནས་འཛམ་གླིང་ཡུལ་གྲུ་གང་སར་སྐོར་བའི་རྗེས་སུ་ཨ་རིའི་ནང་སླེབས་པ་རེད།
ཁ་ས་ང་རང་གིས་ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག། ཨ་རིའི་རྒྱ་གར་བ་དང་ཨ་རིའི་མི་རིགས་ནག་པོའི་བུད་མེད་ཅིག་ཨ་རིའི་སྲིད་འཛིན་ལ་འདེམས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག
བོད་རིགས་ཨ་རི་བ་སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་མ་སིན་(Aftab Karma Singh Pureval)ལགས་ཨ་རིའི་ཨོ་ཧ་ཡོ་(Ohio)མངའ་སྡེའི་ (Cincinnati)གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་མིར་ལངས་བ་ལྟར། ༢༠༢༡ ལོའི་སྤྱི་༡༡ ཚེས་༢ཉིན་འོས་བསྡུའི་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་པ་རེད། ཀརྨ་སིང་ལགས་ཨ་རིའི་ལོ་རྒྱུས་ནང་། བོད་རིགས་ཨ་རི་བ་ཞིག་ཨ་རིའི་གྲོང་ཁྱེར་ཞིག་གི་སྤྱི་ཁྱབ་པ་ཆགས་པ་ཐོག་མ་དེ་ཡིན་པ་རེད།
སྐབས་དེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བདམས་ཐོན་སྤྱི་ཁྱབ་སྐུ་ཞབས་ཨ་ཧྥི་ཊེབ་ཀརྨ་སིན་(Aftab Karma Singh Pureval)ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས། ཁོང་ལ་ད་རེས་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་པ་འདིས་བོད་རིགས་གཞོན་སྐྱེས་ཚོར་གདེང་སྤོབས་དང་སེམས་འགུལ་ཐེབས་པའི་སྐུལ་མར་འགྱུར་བའི་རེ་བ་དང་སྤོབས་པ་བྱེད་བཞིན་ཡོད་ལ། ཨ་མི་རི་ཀ་གཙོས་བཙན་བྱོལ་བོད་མི་ཡོད་སའི་སྤྱི་ཚོགས་ནས་བོད་མི་ཚོ་མདུན་དུ་ཐོན་པའི་རེ་བ་ཆེན་པོ་ཡོད། མི་རབས་གཅིག་གི་རྗེས་སུ་ང་རང་ང་ཚོའི་ཁྱིམ་ཚང་ནང་ནས་སྐྱབས་བཅོལ་བ་ཞིག་ནས་སིན་སི་ན་ཊིའི་གྲོང་ཁྱེར་སྤྱི་ཁྱབ་པར་འཁོད་པ་དང་། ཨ་མི་རི་ཀའི་ནུབ་དབུས་མངའ་ཁུལ་དུ་ཨེ་ཤེ་ཡའི་མི་རིགས་ཤིག་ལ་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཐོག་མ་ཡིན་པས། འཕེལ་རིམ་འདི་ནི་ཤིན་ཏུ་སྤོབས་པ་སྐྱེས་གཞི་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཆབ་སྲིད་ཀྱི་སྡིངས་ཆ་འདི་འདྲ་ཞིག་གི་སྒང་ལ་སླེབས་དུས་ང་ཚོ་ཆབ་སྲིད་ཀྱི་དཀའ་སྡུག་བརྒྱུད་རིམ་མང་པོ་འགྲིམས་པའི་མི་རིགས་ཤིག་ལ་མཚོན་ན་དམིགས་བསལ་ཚོར་བ་ཡོད་ཅེས་གསུངས་བྱུང་།
ཨ་རིའི་ནང་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་གྲོང་ཁྱེར་སྤྱི་ཁྱབ་རང་ལོ་༤༡ཕེབས་པའི་Aftab ལགས་ཀྱི་ཨ་མ་བོད་རིགས་དང་ཕ་རྒྱ་གར་བ་ཡིན་པ་དང་། ཕ་མ་གཉིས་ཕྱི་ལོ་༡༩༨༠ནང་ཨ་རིའི་ནང་འབྱོར་ཏེ་Ohio མངའ་སྡེའི་ནང་གཏན་སྡོད་གནང་བཞིན་ཡོད་པ་དང་། ཁོང་ནས་ཕྱི་ལོ་༢༠༡༨ལོར་དམངས་གཙོ་ཚོགས་པའི་ཚོགས་ཁོངས་འོས་མི་གནང་སྟེ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་འགྲན་རྩོད་ནང་ཞུགས་ཡོད་ཀྱང་། སྐབས་དེར་འོས་ཐོབ་བྱུང་མེད་པ་རེད།
ཨ་ཧྥི་ཊེབ་ཀརྨ་སིན་(Aftab Karma Singh Pureval) ལགས་ཀྱི་ཨ་མ་ལགས་རྒྱ་གར་གནས་བཞུགས་བཙན་བྱོལ་བོད་མི་ཞིག་ཡིན་པ་དང་། རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་སློབ་སྦྱོང་གནང་། དེ་ནས་རྒྱ་གར་བ་པན་ཇབ་མི་རིགས་ཡིན་པ་(Brig Ajit Singh) ལགས་དང་གཉེན་སྒྲིག་བྱས། ཕྱིས་སུ་ཁོང་ཚོ་ཨ་རིར་གནས་སྤོར་བྱས་རྗེས་ཕྱི་ལོ་༡༩༨༢ལོར་ཨ་ཧྥི་ཊེབ་ཀརྨ་ལགས་སྐྱེས་ཡོད་པ་དང་། ཁོང་གིས་ཨོ་ཧ་ཡོ་མངའ་སྡེའི་ནང་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་རིག་པར་སློབ་སྦྱོང་གནང་ཡོད་པ་རེད། ཕྱི་ལོ་༢༠༡༦ལོར་ཁོང་གིས་(Ohio)མངའ་སྡེའི་ནང་གི་ཁྲིམས་ཁང་དུ་ཕྱག་ལས་གནང་མྱོང་བ་དང་། ད་ལྟ་མངའ་སྡེ་དེའི་(Hamilton)རྫོང་ཁྲིམས་ཁང་གི་ཁྲིམས་དྲུང་ཡིན་འདུག་ལ་དེ་སྔ་༢༠༡༨ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ནང་ལ་མཉམ་ཞུགས་གནང་མྱོང་ཡོད་པ་རེད། ༢༠༢༡ ལོར་ཁོང་ཨ་རིའི་ཨོ་ཧ་ཡོ་(Ohio)མངའ་སྡེའི་(Cincinnati)གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་མིར་ལངས་བ་ལྟར། རྒྱལ་ཁ་ཐོབ་པ་ཞིག་ཡིན་པ་རེད།།
གསར་འགོད་པ། བསྟན་འཛིན་པད་མོ། དཔལ་ལྡན་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།