བོད་མི་ལས་འགུལ་བ་རྣམས་ཀྱིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ།

བོད་མིའི་རང་དབང་སྒེར་ལངས་དུས་དྲན་དང་བསྟུན་བོད་མི་ལས་འགུལ་བ་རྣམས་ཀྱིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། ལས་འགུལ་བ་ ༤༡ རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ལས་འགུལ་བ་རྣམས་ནས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྐབས། ༢༠༢༥།༠༣།༡༠ ཉིན། RFA/ Tenzin Thardoe

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༠ དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ཡིན་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ལས་འགུལ་བ་ ༤༡ ཙམ་ནས། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང་བ་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐབས་དེར་རྒྱ་གར་ཉེན་རྟོག་པས་བོད་མི་ལས་འགུལ་བ་ ༤༡ ཆ་ཚང་བཀག་འགོག་གིས་རིམ་པས་འཛིན་བཟུང་བྱས་སོང་།

ལས་འགུལ་བ་རྣམས་ནས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྐབས། ༢༠༢༥།༠༣།༡༠ ཉིན།

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་གསུངས་ན། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་རྣམས་ནས་ཆོག་མཆན་མེད་པར་རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བྱས་པ་ཙམ་ལས། དམིགས་བསལ་ཉེས་འཛུགས་ཀྱི་ཡིག་ཆ་བཟོས་མེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བསྟན་འཛིན་ཟླ་གསལ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཏང་བ་སོགས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཡ་ལན་ཆེད། བཙན་བྱོལ་གཞོན་སྐྱེས་རྣམས་ནས་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ་བྱས་པ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱ་གར་ཉེན་རྟོག་ཁང་ནས་བོད་མི་ལས་འགུལ་བ་རྣམས་དགོང་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་གློད་བཀྲོལ་རྗེས། འདི་ག་རླུང་འཕྲིན་ཁང་ནས་ལས་འགུལ་བ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། བོད་ནས་ཕེབས་པའི་མིང་བརྗོད་འདོད་མེད་པའི་ལས་འགུལ་བ་ཞིག་གིས། དེང་མི་རབས་རྒན་པ་ཚོས་བོད་པའི་གཞོན་སྐྱེས་རྣམས་ནས་བོད་དོན་ལ་དོ་སྣང་མེད་པར་སྣང་གིས་ཡོད་ཀྱང་། གཞོན་སྐྱེས་རྣམས་ནས་དུས་རྟག་ཏུ་བོད་དོན་འཐབ་རྩོད་སྙིང་དབུས་སུ་བཅངས་ནས་ཡོད་ཅེས་དང་། མ་འོངས་པར་ཡང་ཁོང་ནས་གསུམ་བཅུའི་དུས་དྲན་སོགས་ཀྱི་ལས་འགུལ་ཐོག་མུ་མཐུད་མཉམ་ཞུགས་གནང་རྒྱུའི་འདུན་པ་ཤུགས་ཆེ་ཡོད་ཅེས་གསུངས་བྱུང་།

གཞན་ཡང་ཐེངས་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། ལྡི་ལི་རམ་ལི་ལ་མེ་དན་ནས་ཇན་ཊར་མན་ཊར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་དང་། ལས་འགུལ་དེ་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ལོ་ངོ་ ༦༦ ཕྱིན་པའི་རྗེས་སུའང་བོད་ཀྱི་གནད་དོན་སེལ་ཐུབ་མེད་ཅིང་། བོད་ནང་གི་བོད་མི་རྣམས་ལོ་འཁོར་མར་དཀའ་ངལ་མྱོང་བཞིན་པ་གསལ་སྟོན་ཆེད་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ལོ་ལྟར་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་དང་འབྲེལ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཐར་འདོད།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org