ཨ་རིས་རྒྱ་ནག་གིས་བརྙས་བཅོས་གཏོང་ཡུལ་གྱི་རྒྱལ་ཁབ་ཚོར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པ་གསུངས་འདུག

རྒྱ་ནག་གིས་དབང་ཡོད་གཏོང་ཡུལ་རྒྱལ་ཁབ་ཚོར་གདུང་སེམས་མཉམ་སྐྱེད་དང་ཨ་རིའི་ཁོང་ཚོའི་རྒྱབ་ཏུ་ཡོད་ཅེས་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་གིས་གསུངས་འདུག

རྒྱ་ནག་གིས་དབང་ཡོད་གཏོང་ཡུལ་རྒྱལ་ཁབ་ཚོར་གདུང་སེམས་མཉམ་སྐྱེད་དང་ཨ་རིའི་ཁོང་ཚོའི་རྒྱབ་ཏུ་ཡོད་ཅེས་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་གིས་གསུངས་འདུག

ཨ་རིའི་བདེ་སྲུང་དྲུང་ཆེ་སྐུ་ཞབས་ Lloyd Austin མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་ བྷིལན་ཀེན་རྣམ་གཉིས་ཁ་ས་ཕྱི་ཟླ་ ༧ ཚེས་ ༢༧ གཟའ་ཕུར་བུའི་ཉིན་ཨོའསི་ཊརེ་ལི་ཡའི་གྲོང་ཁྱེར་ Brisbane ནང་ཕེབས་འབྱོར་བྱུང་ཡོད་པ་དང་། གཟའ་པ་སངས་དང་སྤེན་པ་ཉིན་གྲངས་གཉིས་རིང་ཨོའསི་ཊརེ་ལི་ཡའི་འབྲེལ་ཡོད་དཔོན་རིགས་རྣམས་དང་ལྷན་དུ་ཡུལ་གཉིས་ཀྱི་སྲུང་སྐྱོབ་དང་ཚོང་འབྲེལ། དམིགས་བསལ་རྒྱ་གར་དང་ཞི་བདེ་རྒྱལ་མཚོའི་ཁུལ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་སོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
གཟའ་པ་སངས་ཉིན་ཨ་རིའི་བདེ་སྲུང་དྲུང་ཆེ་Austin མཆོག་དང་ཨའོསི་ཊེ་ལི་ཡའི་བདེ་སྲུང་བློན་ཆེན་ ཪི་ཆརཌ་མརལསི་ (Richard Marles) རྣམ་གཉིས་མཇལ་འཕྲད་མ་གནང་གོང་། རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་ལ་བརྩི་སྲུང་མེད་པར་བཙན་པོ་དབང་ཡོད་ཀྱི་ཐོག་ནས་རང་མཚམས་དཀའ་རྙོག་སེལ་ཐབས་བྱེད་བཞིན་པར་ཐུགས་འཚབ་ཡོད་པ་གསུངས་འདུག་ལ། ཁོང་གིས། རྒྱ་ནག་གི་ངོས་ནས་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོ། དེ་བཞིན་འདི་ཁུལ་གྱི་ལྷོ་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་དུ་བཙན་པོ་དབང་ཡོད་བྱེད་བཞིན་པ་ནི་མཐོང་ཆོས་སུ་ཡོད་པ་འདི་རེད་ཅེས་གསུངས་འདུག
ཨ་རིའི་བདེ་སྲུང་དྲུང་ཆེ་ Lloyd Austin ལགས་ཀྱིས། ང་ཚོའི་ངོས་ནས་གཞན་གྱི་བཙན་པོ་དབང་ཡོད་ཀྱི་སྤྱོད་ཚུལ་འོག་མཐུན་ཕྱོགས་ཡུལ་གྲུ་ཁག་དང་མཉམ་ལས་པ་ཚོས་རང་རང་སོ་སོའི་མངའ་དབང་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་མུ་འཐུད་བྱེད་རྒྱུ་ཡིན་པ་གསར་འགོད་པར་ཚོར་གསུངས་འདུག
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གིས་ཨོའསི་ཊརེ་ལི་ཡའི་ཐོག་རྡོ་སོལ་དང་། གུ་བྲུམ་གྱི་ཆང་། གྲོ་ཞིབ་། གླང་ཤ་། མཚོའི་ཉྭ་རིགས་སོགས་ཕྱི་ཚོང་གི་ཐོག་ཡང་ཁྲལ་ཆེན་པོ་བཀལ་བ་དང་ཡང་ན་ཚོང་ཕྱིར་འཐེན་བྱས་པ་སོགས་ཀྱིས་དཀའ་ངལ་དུ་མ་ཞིག་སྤྲད་དང་སྤྲོད་བཞིན་ཡོད་པ་སོགས་ཡུལ་གཉིས་དབར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། འོན་ཀྱང་ཨོའསི་ཊརེ་ལི་ཡའི་ངོས་ནས་རྒྱ་ནག་དང་བསྟུན་མཁས་ཀྱི་ཐོག་ནས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་རྒྱ་ནག་ལ་སྐོར་བསྐྱོད་དུ་ཕེབས་ཡོད་རེད་ལ། ལོ་འདིའི་ལོ་མཇུག་ཏུ་ཨོའསི་ཊརེ་ལི་ཡའི་སྲིད་བློན་མཆོག་ཀྱང་རྒྱ་ནག་ལ་ཕེབས་འཆར་ཡོད་འདུག
ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་བདེ་སྲུང་དྲུང་ཆེ་རྣམ་གཉིས་ཨོའསི་ཊརེ་ལི་ཡར་ཕེབས་པ་དེར་སྲིད་བློན་མཆོག་ནས་དགའ་བསུ་དང་འབྲེལ་ཡུལ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པ་ཡོད་ལུགས་གསུངས་འདུག
དེ་དང་ཕྱོགས་མཚུངས་ཨོའསི་ཊརེ་ལི་ཡའི་ངོས་ནས་ཀྱང་ཁོང་རྣམ་གཉིས་དང་མཉམ་གྲོས་མོལ་བརྒྱུད་ཚོང་འབྲེལ་དང་རྒྱ་ནག་མཉམ་འབྲེལ་བ་བྱེད་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་ལྷུག་པོ་ཡོང་བའི་ཐུགས་རེ་ཡང་གནང་གི་ཡོད་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org