བོད་རང་བཙན་དོན་གཉེར་བ་ཁག་ཅིག་གི་བགྲོ་གླེང་ཚོགས་འདུ།

༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གཙང་མའི་ཁྱབ་བསྒྲགས་གནང་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི།

༄༅༎༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བོད་རང་བཙན་གཙང་མའི་ཁྱབ་བསྒྲགས་གནང་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

ཕ་ཡུལ་དྲ་གནས་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཚོགས་བཞིན་པའི་མི་མང་འདུ་འཛོམས་ཆེ་བའི་གོ་སྐབས་དང་སྟབས་བསྟུན་ནས་བོད་རང་བཙན་གཙང་མ་དོན་གཉེར་བ་ཁག་ཅིག་ནས་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག། ཚོགས་འདུ་དེའི་ཐོག་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འཐུས་མི་བཅས་མི་གྲངས་སུམ་ཅུ་ཙམ་ནས་མཉམ་ཞུགས་གནང་ཡོད་འདུག ཚོགས་འདུ་དེའི་ཐོག་དོན་ཚན་བདུན་གྱི་ཐོག་བགྲོ་གླེང་གནང་ཡོད་པ་ནས་ཚོགས་འདུ་གོ་སྒྲིག་ཞུ་མཁན་ཤིང་རྩ་རིན་པོ་ཆེ་མཆོག་གིས། གལ་སྲིད་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཐོག་ནས་དམིགས་བསལ་དོན་འབྲས་སོན་པ་ཞིག་མ་བྱུང་བ་ཡིནན་རང་བཙན་འཐབ་རྩོད་ཆེད་ཚང་མས་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་ལས་དོན་སྤེལ་ཕྱོགས་ཐོག་ད་ལྟ་ནས་བསམ་འཆར་བཏོན་ནས་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཡང་རང་བཙན་དོན་གཉེར་བ་བསྟན་འཛིན་བརྩོན་འགྲུས་ལགས་ནས། ད་བར་རང་བཙན་སྐོར་བགྲོ་གླེང་ཐེངས་འགའ་ཤས་བྱས་ཡོད་པའི་སྐོར་གསུངས་ཡོད་པ་དང་། སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་ལགས་ནས། ང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་གི་བཀའ་དགོངས་གཞིར་བཟུང་ང་ཚོས་གོང་བུའི་ནུས་པ་གཅིག་ཏུ་སྒྲིལ་ནས་འཐབ་རྩོད་མུ་མཐུད་ནས་བྱེད་དགོས་པ་གལ་ཆེན་པོ་ཡིན་དུས་དེ་ལྟར་ཡོང་བ་བྱེད་པ་ལ་ང་ཚོས་རྒྱ་ནག་མཉམ་དཔལ་འབྱོར་དང་སྟོབས་ཤུགས་ཀྱི་ཐོག་ནས་ཁ་གཏད་བཅོག་ཐུབ་རྒྱུ་ཁག་པོ་ཡིན་པ་དེ་ལྟར་ཡང་གཙོ་བོ་ཁྲིམས་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་ལ་གདོང་ལེན་བྱེད་ཐུབ་པའི་ནུས་པ་བཏོན་དགོས་ཀྱི་རེད་ལ་དེའི་ཐོག་ནས་ང་ཚོས་རང་བཙན་རྩོད་ལེན་བྱེད་ནུས་པའི་གདེང་སྤོབས་ཡོད་རེད་ཅེས་གསུངས་འདུག ཡང་ཚོགས་འདུའི་ཐོག་ཉེ་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་རང་བཙན་ཆེད་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་རྒྱུའི་གྲོས་ཆོད་བཞག་ཡོད་པ་དེར་བསྔགས་བརྗོད་དང་དགའ་བསུ་ཞུས་ཡོད་པ་རེད། ཡང་ཚོགས་འདུ་འདིའི་ཐོག་དེ་སྔ་ཕྱི་ལོ་༡༩༡༢ལོར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་ནས་ཕྱི་ལོ་༢༠༡༢ལོར་ལོ་ངོ་བརྒྱ་ཐམ་པ་ཧྲིལ་བུ་འཁོར་གྱི་ཡོད་པའི་དུས་ཚིག་ཀྱང་དྲན་གསོ་ཞུ་རྒྱུའི་སྐོར་ཐག་ཆོད་བྱུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org