༧གོང་ས་མཆོག་གིས་ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་ལྔའི་དགེ་སློབ་ཚོར་བཀའ་སློབ་བསྩལ།

ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཕྲན་མང་པོ་ཞིག་ཕ་མེས་ནས་ནང་པའི་ཆོས་ལ་དད་པ་གནང་མཁན་ཡིན་པས་ནང་ཆོས་ལ་དོ་སྣང་སློབ་གཉེར་མང་ཙམ་གནང་དགོས་པ་༧གོང་ས་མཆོག་གིས་ཨུ་རུ་སུའི་དགེ་སློབ་ཚོར་བཀའ་བསྩལ་ཡོད་པ་རེད།

༧གོང་ས་མཆོག་གིས་ཨུ་རུ་སུའི་དགེ་སློབ་ཚོར་བཀའ་བསྩལ་སྐབས། ༣།༢༩།༢༡ OHHDL

ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཕྲན་མང་པོ་ཞིག་ཕ་མེས་ནས་ནང་པའི་ཆོས་ལ་དད་པ་གནང་མཁན་ཡིན་པས་ནང་ཆོས་ལ་དོ་སྣང་སློབ་གཉེར་མང་ཙམ་གནང་དགོས་པ་༧གོང་ས་མཆོག་གིས་ཨུ་རུ་སུའི་དགེ་སློབ་ཚོར་བཀའ་བསྩལ་ཡོད་པ་རེད།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་ཨུ་རུ་སུའི་ནང་གི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ལྔ་ནས་གསོལ་འདེབས་ཞུས་བ་ལྟར། སྤྱི་ཟླ་༣པའི་ཚེས་༢༩ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། དུས་འགྱུར་སྐབས་ཀྱི་ང་ཚོའི་འཛམ་གླིང་ཞེས་པའི་བརྗོད་གཞི་དང་འབྲེལ་ཏེ། སློབ་གྲྭ་ཆེན་མོ་དེ་དག་གི་སློབ་ཕྲུག་ཚོར་གསུང་བཤད་དང་དྲི་བར་བཀའ་ལན་ཕེབས་ཡོད་ཅིང་། སྐབས་དེར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཕྲན་མང་པོ་ཞིག་ནི། ཁོང་ཚོའི་ཕ་མེས་ནས་ནང་པའི་ཆོས་ལ་དད་པ་གནང་མཁན་ཡིན་པར་བརྟེན། ཆོ་ག་ཕྱག་ལེན་དང་སྨོན་ལམ་གསོལ་འདེབས་ཙམ་ལ་མགོ་མི་འཁོར་བར། ནང་ཆོས་སློབ་གཉེར་ལ་དོ་སྣང་འབད་བརྩོན་གནང་དགོས་པའི་བཀའ་ཕེབས་སོང་།
༧གོང་ས་མཆོག་གིས། ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་མང་པོ་ཞིག་ཁོང་ཚོའི་ཕ་མེས་ནས་ནང་པ་ཡིན་ནའང་། སྐབས་རེར་ནང་ཆོས་ཀྱི་ཤེས་ཡོན་མེད་པའི་མི་ཚོས་ནི་ནང་ཆོས་སྨོན་ལམ་འདེབས་པ་དང་ཆོ་ག་ཕྱག་ལེན་ཙམ་ལ་བརྩིས་ཀྱི་ཡོད་པས། དེ་འདྲ་གནང་མི་ཉན་པར། ང་ཚོས་ནང་པའི་ལྟ་གྲུབ་རིག་པ་དང་ཚད་མ་རིག་པ་ལ་སློབ་སྦྱོང་བྱས་ནས་དོ་སྣང་མང་ཙམ་གནང་དགོས་པ་རེད། དེའི་གྲས་ལ་དོ་སྣང་བྱས་པ་བརྒྱུད་ཚན་རིག་གི་ཤེས་བྱ་ཁག་ཀྱང་རང་བཞིན་གྱིས་དེ་ཚོ་དང་འབྲེལ་བསྡད་པ་ཞིག་དང་། ད་ཆ་ཚན་རིག་པ་མང་པོ་ཞིག་གིས་ཀྱང་ནང་པའི་སེམས་ཁམས་རིག་པ་དང་། སེམས་དང་འབྲེལ་བའི་རྣམ་གཞག་ཁག་ལ་དོ་སྣང་གནང་བཞིན་པ་ཡིན་ན། ཁྱེད་ཚོའི་ཕ་མེས་ནས་ནང་པའི་རྗེས་འཇུག་པ་ཡིན་པས་ནང་ཆོས་སློབ་གཉེར་ལ་དོ་སྣང་མང་ཙམ་གནང་དགོས་པ་དང་། ནཱ་ལེནདྲའི་ལམ་སྲོལ་བཞིན་ཐོས་བསམ་སྒོམ་གསུམ་གནང་གལ་ཆེ་ཅེས་དང་། ད་ཆ་ང་ཚོ་ཚང་མ་མཉམ་དུ་འཚོ་དགོས་ཀྱི་ཡོད་པར་བརྟེན། སོ་སོའི་རྒྱལ་ཁབ་དང་མི་རིགས་ཁོ་ནའི་ཁེ་ཕན་ཆེད་བསམ་བློ་གཏོང་རྒྱུ་བཞག་སྟེ། འགྲོ་བ་མི་ཡོངས་རྫོགས་ཀྱི་བདེ་སྐྱིད་ཆེད་བསམ་བློ་གཏོང་བའི་དུས་སུ་བབས་ཡོད། ང་ཚོའི་རྣམ་དཔྱོད་ལ་བརྟེན་ནས་དུས་རབས་སྔ་མ་ཁག་ནས་བཟུང་། ཚན་རིག་གི་ཤེས་བྱ་ཡར་རྒྱས་སུ་བཏང་སྟེ་ཤེས་བྱ་ངོ་མཚར་ཅན་དེ་དག་གཏོར་བཤིག་དང་དམག་འཁྲུག་ཆེད་བེད་སྤྱོད་བྱས་ཡོད་པ་ནི། རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ལྟ་བུ་རེད། འདི་ཚོ་ཚང་མ་ང་ཚོ་དང་ང་ཟེར་བའི་ཞེན་འཛིན་ལ་བརྟེན་ནས་བྱུང་བ་རེད་མོད། ད་ནི་ང་ཚོས་རྒྱལ་ཁབ་གཅིག་ཙམ་གྱི་ཆེད་མིན་པར། འགྲོ་བ་མིའི་རིགས་ཀྱི་ཆེད་དུ་བསམ་བློ་གཏོང་བའི་དུས་སུ་བབས་ཡོད།
དེའི་རྒྱུ་མཚན་ནི་ང་ཚོ་ཚང་མ་གོ་ལ་ཆུང་ཆུང་འདིར་མཉམ་དུ་འཚོ་གནས་བྱ་དགོས་ཀྱི་ཡོད་པས་རེད་ཅེས་ནན་གསུང་གནང་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས། འགྲོ་བ་མི་ཐེར་འབུམ་བདུན་པོ་ནང་ཁུལ་དབྱེ་བ་བཀར་ཏེ། ང་ཚོ་དང་ཁོང་ཚོ་ཞེས་འཐབ་འཁྲུག་བྱ་དགོས་དོན་གྱི་གཞི་རྩ་ཞིག་གཏན་ནས་མེད་ལ། བསམ་བློ་གཏོང་སྟངས་དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བསམ་བློ་རྙིང་པ་ཡིན་སྟབས། ད་ལྟ་བདེ་སྐྱིད་ལྡན་པའི་འཛམ་གླིང་དང་འགྲོ་བ་མིའི་རིགས་ཤིག་བསྐྲུན་པར། རྒྱལ་ཁབ་ཕན་ཚུན་བར་དང་ཆོས་ལུགས་ཕན་ཚུན་བར། རིག་གནས་གོམས་གཤིས་ཕན་ཚུར་བར་བཅས་སུ་མི་འདྲ་བའི་ཁྱད་པར་ཡོད་པ་ནི་རིམ་པ་གཉིས་པ་ལ་བཞག་སྟེ། གལ་ཆེ་ཤོས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་། ང་ཚོ་ཚང་མ་གོ་ལ་འདིར་མཉམ་དུ་གནས་དགོས་པ། ང་ཚོ་ཚང་མར་བདེ་སྐྱིད་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་དགོས་པ་དེ་རེད་ཅེས་བཀའ་གནང་ཡོད།
སྐབས་དེར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་བཀའ་འདྲི་གནང་མཁན་དང་། བཀའ་སློབ་ལ་གསན་མཁན་གཙོ་བོ་ཁག་ནི། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ཡི་སློབ་གྲྭ་ཆེན་མོ་དང་། རྒྱལ་ས་རྙིང་པ་སན་པི་ཁྲར་སི་བྷིར་གྷི་ཡི་སློབ་གྲྭ་ཆེན་མོ། སོག་རིགས་ནང་པའི་སྤྱི་མཐུན་རྒྱལ་ཕྲན་ཁལ་མིག་གི་སློབ་གྲྭ་ཆེན་མོ། ནང་པའི་མི་རིགས་ཐོས་ཝ་སྤྱི་མཐུན་རྒྱལ་ཕྲན་གྱི་སློབ་གྲྭ་ཆེན་མོ། ཡང་སོག་རིགས་ནང་པ་བྷོརྱ་ཐུ་སྤྱི་མཐུན་རྒྱལ་ཕྲན་གི་སློབ་གྲྭ་ཆེན་མོ་བཅས་ཀྱི་དགེ་སློབ་ཕོ་མོ་རྣམས་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org