༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན་པ་གསུངས་གནང་འདུག
-
2017-10-19 -
-
-
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན་པ་གསུངས་གནང་འདུག
དེ་ཡང་འདི་ཚེས་༡༨ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་མ་ནི་པུར་(Manipur)་མངའ་སྡེའི་རྒྱལ་ས་(Imphal)་གྱི་(Convention Center)་ ཞེས་པའི་ཚོགས་ཁང་ཆེན་མོའི་ནང་། རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐོག་བཀའ་སློབ་མ་སྩལ་གོང་ཕྱི་ནང་གསར་འགོད་པ་ཁག་ཅིག་ལ་བཀའ་སློབ་དང་བཅར་འདྲིར་བཀའ་ལན་བསྩལ་སྐབས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན་པ་གསུངས་གནང་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
དེར་འདུས་པའི་གསར་འགོད་པ་ཞིག་གིས། ༧གོང་ས་མཆོག་ལ་༧སྐུའི་ཡང་སྲིད་སྐོར་བཅར་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་དེ་མགོན་པ་གང་ཉིད་ལ་ཐེ་ཇུས་མེད་ལ་དེ་སྔ་ ༡༩༦༩ ་སྐབས་ནས་མ་འོངས་པར་ཏཱ་ལའི་བླ་མའི་བླ་བྲང་གནས་དང་མ་གནས་ཀྱི་ཐག་གཅོད་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན་པ་བཀའ་བསྩལ་གནང་ཟིན་པ་ཞིག་དང་། ཕྱོགས་མཚུངས་༧གོང་ས་མཆོག་དགུང་གྲངས་༨༥ ནས་ ༩༠ ་མཚམས་སུ་ཕེབས་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་ལྷན་གོ་བསྡུར་གནང་རྒྱུ་ཡིན་ཞེས་ཧ་ཅང་གསལ་པོ་གསུངས་ཡོད་པ་གསལ་འདོན་གནང་འདུག
ད་དུང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་རྣམས་ལ་འཚམས་འདྲི་དང་སྦྲགས་མགོན་པོ་གང་ཉིད་ནས་ས་གནས་གང་དུ་ཕེབས་ཀྱང་འགྲོ་བ་མི་རིགས་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དེ་གཙོ་འདོན་གནང་བཞིན་པའི་ཐོག་འགྲོ་བ་མི་ཚང་མས་བདེ་སྐྱིད་ལྡན་པའི་མི་ཚེ་འདོད་པ་བཞིན་དེ་ལྟར་མི་ཚེ་སྐྱེལ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་ཡོད། འོན་ཀྱང་བདེ་སྐྱིད་ཀྱི་རྩ་བ་ནི་གཞན་ཕན་དང་བྱམས་བརྩེ་གོང་འཕེལ་ལ་རག་ལུས་ཡོད་ཅིང་། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་མིའི་བསམ་བློའི་ནང་ཞི་བདེ་བསྐྲུན་རྒྱུར་ཞབས་འདེགས་ཧ་ཅང་བསྒྲུབ་བཞིན་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་གསུངས་གནང་འདུག
༧གོང་ས་མཆོག་གིས་མུ་མཐུད་བཀའ་སྩལ་བར། སྤྱིར་ཆོས་ལུགས་སོ་སོའི་ཐབས་ལམ་དང་བཞེངས་ཕྱོགས་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་དེ་དག་ཚང་མར་མི་བཟང་པོ་ཞིག་བསྐྲུན་རྒྱུའི་ནུས་པ་ལྡན་ཡོད། དེར་བརྟེན་ཆོས་ལུགས་ནང་ཁུལ་འཆམ་མཐུན་དང་ཕན་ཚུན་གུས་བརྩི་ཞུ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན་ཞིང་། ལོ་རྒྱུས་ཐོག་ཆོས་ལུགས་མཐུན་འབྲེལ་གྱི་ཆ་ནས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཐུབ་ཡོད་པ་འདི་དམིགས་དཔེ་ལྟ་བུར་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན་ཞེས་གསུངས་གནང་འདུག
དམིགས་ཀར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གསར་འགོད་པ་ཚོས་དུས་རྟག་ཏུ་སྡུག་ཕྱོགས་ཀྱི་གནས་ཚུལ་ཁོ་ན་མ་ཡིན་པར་སྐབས་རེ་བཟང་ཕྱོགས་ཀྱི་གནས་ཚུལ་གང་མང་བཀོད་སྤེལ་བྱ་དགོས་པ་མ་ཟད། ལྷག་པར་དུ་སྤྱི་ཚོགས་ནང་། ལྐོག་ཟའི་གནས་ཚུལ་དང་སྲིད་དབང་སྒེར་གཅོད་པའི་གནས་ཚུལ་རིགས་ངེས་པར་དུ་ཐེར་འདོན་བྱ་གལ་ཆེ་བ་ཡིན་པ་གསུངས་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།