༧གོང་ས་མཆོག་མི་རིང་བར་ཨ་མི་རི་ཀར་ཕེབས་འཆར་ཡོད་པ།

༧གོང་ས་མཆོག་མི་རིང་བར་ཨ་མི་རི་ཀའི་མངའ་སྡེ་ཡུ་དྲ་དང་རྒྱལ་ས་ཝ་ཤིང་ཀྲོན་ལ་ཕེབས་ནས་མཛད་འཆར་ཁག་གཅིག་སྐྱོང་གནང་རྒྱུ་ཡིན་པ།

༧གོང་ས་མཆོག་༢༠༡༤།༣།༥་ཉིན་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས་བོད་མི་ཚོས་ཕེབས་བསུ་གནང་བ། པར། ཀླུ་འབུམ།

༧གོང་ས་མཆོག་མི་རིང་བར་ཨ་མི་རི་ཀའི་མངའ་སྡེ་ཡུ་དྲ་དང་རྒྱལ་ས་ཝ་ཤིང་ཀྲོན་ལ་ཕེབས་ནས་མཛད་འཆར་ཁག་གཅིག་སྐྱོང་གནང་རྒྱུ་ཡིན་པ།
དེ་ཡང་ཨ་རིའི་ཡུ་དྲ་མངའ་སྡེའི་ས་གནས་གསར་ཤོག་Utah Daily Chronicleཞེས་པའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་འདིའི་ཕྱི་ཟླ་དྲུག་པའི་ཚེས་༢༠ཉིན། ཨ་རིའི་ཡུ་དྲ་མངའ་སྡེའི་གྲོང་ཁྱེར་Salt Lakeནང་ཆིབས་བསྒྱུར་གནང་གི་ཡོད་པ་དང་། ཚེས་ཉི་ཤུ་གཅིག་ཉིན་ཡུ་དྲ་གཙུག་ལག་སློབ་གཉེར་ཁང་དུ་བྱམས་བརྩེ་དང་གོ་ལའི་ཀུན་ཁྱབ་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། དེ་དང་ཕྱོགས་མཚུངས་མངའ་སྡེའི་དཔོན་རིགས་ཁག་ཅིག་མཇལ་འཕྲད། དེ་བཞིན་ཁུལ་དེར་གནས་སྡོད་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
གོང་ཞུས་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་གྱི་འཛིན་བྱང་སང་ཉིན་ཚེས༡གཟའ་པ་སངས་ནས་ཚོང་འགྲེམས་བྱེད་རྒྱུ་འགོ་བཙུགས་ཀྱི་ཡོད་འདུག རྩ་བའི་སྔ་ལོའི་ཕྱི་ཟླ་བཅུ་པའི་ནང་། ཁུལ་དེར་ཆིབས་བསྒྱུར་གནང་རྒྱུའི་མཛད་རིམ་ཡོད་ཀྱང་། སྐུའི་སྨན་བཅོས་འཕྲོད་བཞེས་སོགས་ཀྱི་རྐྱེན་པས་ཕྱིར་བཤོལ་གནང་དགོས་བྱུང་ཡོད་པ་རེད།
ཡང་ཡུ་དྲ་མངའ་སྡེའི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ནས་མང་ཚོགས་ལ་གསུང་བཤད་གནང་བ་བརྒྱུད་ང་ཚོ་བོད་མི་ཙམ་མ་ཡིན་པར་མང་ཚོགས་ཚང་མར་ཕན་རླབས་ཡོང་རྒྱུ་ཡིན་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོའི་སྲོག་རྩ་ལྟབུ་ཡིན་ཞེས་གསར་འགོད་པས་དྲི་བར་ལན་འདེབས་གནང་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ནང་། ཡུ་དྲ་མངའ་སྡེའི་ནང་ཆིབས་བསྒྱུར་མ་གནང་བའི་གོང་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཀྱང་གསོལ་འདེབས་ཞུས་པ་ལྟར་འདི་ཁུལ་ཆིབས་བསྒྱུར་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org