༧གོང་ས་མཆོག་གིས་མངའ་སྡེའི་གྲོས་ཚོཊ་སུ་གསུངས་བཤད་གནང་རྒྱུ།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཨ་རིའི་California་མངའ་སྡེའི་གྲོས་ཚོགས་སུ་གསུངས་བཤད་གནང་རྒྱུ་ཡིན་པ།
-
2016-06-20 -
-
-
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༠་གཟའ་ཟླ་བའི་ཕྱི་དྲོར་California་མངའ་སྡེའི་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ནས་སྙིང་རྗེ་དང་། ཁོར་ཡུག དེ་བཞིན་ཀུན་སྤྱོད་ཡ་རབས་ལྡན་པའི་འགོ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་པ་རེད།
དེ་ནི་འདི་ཚེས་༢༠་ཉིན་གྱི་ཆུ་ཚོད་༡༢་དང་སྐར་མ་༤༠་ཐོག་California་མངའ་སྡེའི་གྲོས་ཚོགས་ནང་༧གོང་ས་མཆོག་ཞབས་སོར་འཁོད་གནང་རྒྱུ་དང་། ༧གོང་ས་མཆོག་གི་བཀའ་སློབ་དེ་མང་ཚོགས་ལ་ཡོངས་གྲགས་གནང་རྒྱུ་མིན་ནའང་ཕྱི་དྲོ་ཆུ་ཚོད་དང་པོར་ཁེ་ལེ་ཧྥོ་ཎི་ཡའི་བརྙན་འཕྲིན་བརྒྱུད་ཤར་གཏོང་གནང་རྒྱུ་ཡིན་སྐོར་འཁོད་ཡོད་པ་རེད།
༧གོང་ས་མཆོག་གི་མཛད་འཆར་སྐོར་California་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Anthony Rendon་གྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་འདུག
ཁ་ས་༧གོང་ས་མཆོག་གིས་རང་གཞན་གྱི་རླབས་ཆེ་བའི་རིན་ཐང་འགྲུབ་རྒྱུར་བྱམས་བརྩེའི་ནུས་སྟོབས་ལ་བརྟེན་དགོས་པའི་གནད་དོན་ཐོག་བཀའ་སློབ་གནང་ཡོད་པ་རེད། ད་དུང་༧གོང་ས་མཆོག་གིས། Vietnam་གྱི་Dieu Nyu་ཡི་དགོན་པའི་དབུ་འབྱེད་མཛད་སྒོ་དང་། Vietnam་གྱི་གཞོན་སྐྱེས་ཚོར་བཀའ་སློབ་གསུང་བཤད། སངས་རྒྱས་སྨན་ལྷའི་བཀའ་དབང་བཅས་གནང་འདུག
ཕྱི་ཚེས་༢༣་ཉིན་Boulder་གྲོང་ཁྱེར་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་མི་མང་ལ་གསུང་བཤད་གནང་འཆར་དང་། ཕྱི་ཚེས་༢༥་ཉིན་Indianapolis་གྲོང་ཁྱེར་དུ་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུ་རེད་འདུག
གསར་འགོད་པ་ཚེ་བརྟན་རྡོ་རྗེ།