དགའ་ལྡན་ལྔ་མཆོད་ཉིན་དང་བསྟུན་༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་མཛད་པ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་ནི་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་ཡིན་པའི་ཆ་ནས་སེམས་ཐག་ཉེ་པོར་གྱུར་ཡོད་པ་བཀའ་ཕེབས་གནང་སོང་།

༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་རིན་པོ་ཆེའི་རྗེས་དྲན་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ། ༢༠༢༢།༡༢།༡༨ ཉིན། OHHDL

ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༨ ཉིན་ཏེ་བོད་ཟླ་ ༡༠ ཚེས་ ༢༥ ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་སྐུ་མྱ་ངན་ལས་འདས་པའི་དུས་ཚིགས་ཁྱད་པར་ཅན་འདིར་བོད་མི་སྤྱི་དང་། ལྷག་པར་དུ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཚོས་ཉིན་འདིར་མཆོད་འབུལ་སྨོན་ལམ་རྒྱ་ཆེར་གནང་གི་ཡོད་པ་བཞིན། གོང་ཚེས་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་རིན་པོ་ཆེའི་རྗེས་དྲན་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་སོང་། 

སྐབས་དེར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམ་དབུས་པའི་བཞུགས་སྒར་ཁུལ་གྱི་གྲྭ་ཚང་ཁག་གི་དགེ་འདུན་པ་ཚོའི་ངོས་ནས་མཆོད་འབུལ་སྨོན་ལམ་དང་དགེ་འདུན་པར་སྐུ་འགྱེད་གཏོང་སྒོ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་པའི་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་ནི་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་ཡིན་པའི་ཆ་ནས་སེམས་ཐག་ཉེ་པོར་གྱུར་ཡོད་ཅེས་བཀའ་ཕེབས་གནང་སོང་། 

ཡང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ཡེ་ཤེས་བསམ་གཏན་ལགས་ཀྱིས། སེམས་བཟང་པོ་བྱས་ཏེ། གང་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་ཞུ་རྒྱུ་ནི་རྗེ་རིན་པོ་ཆེར་ལྷད་མེད་ཀྱི་རྗེས་དྲན་ཞུས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག 

ཡང་ལྷན་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩས་གོ་སྒྲིག་འོག ཐེངས་འདིའི་དགའ་ལྡན་ལྔ་མཆོད་ཀྱི་དགོང་མོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་དྲུང་གི་བྱང་ཆུབ་ལྗོན་ཤིང་འོག་ཏུ་རྗེ་རིན་པོ་ཆེ་དང་ཞིང་གཤེགས་དམ་པ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་གཉིས་མཉམ་དུ་ཚོགས་ཀྱི་ཡོད་འདུག

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ནི་སྤྱི་ལོ་ ༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་། དབུས་གཙང་དུ་ཕེབས་ནས་རྗེ་རེ་མདའ་བ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན་ནས་མདོ་སྔགས་གཉིས་ཀྱི་དགོངས་འགྲེལ་ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་མང་དུ་བརྩམས་ནས་བསྟན་འགྲོ་སྤྱི་ལ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་ཡོད་ཅིང་།  སྤྱི་ལོ་ ༡༤༠༩ ལོར་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་དང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་དབུ་འཛུགས་གནང་ཡོད་པ་རེད།

མཐར་སྤྱི་ལོ་ ༡༤༡༩ ལོར་བོད་ས་ཕག་ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཡོད་པ་དང་། དུས་དེ་ནས་བཟུང་དུས་ཚིགས་འདི་ལ་རྗེ་རིན་པོ་ཆེའི་དགོངས་རྫོགས་དུས་ཆེན་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྡིག་སྤོང་དགེ་སྒྲུབ་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེར་སྤེལ་བའི་ཉི་མོ་ཞིག་ལ་བརྩི་བཞིན་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org