༸གོང་ས་མཆོག་གི་འབྲས་ལྗོངས་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ཆིབས་སྒྱུར་གནས་སྐབས་ཕྱིར་བཤོལ་མཛད་པ།
༸སྐུ་གཟུགས་ངལ་གསོ་ཡག་པོ་ཐེབས་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་སྟེ། ང་ཚོས་འགན་མ་བཟོད་པར་ཆིབས་སྒྱུར་ཕྱིར་འགྱང་རོགས་གནང་ཞེས་ཞུས་པ་ཡིན།
- 2023-10-20
-
-
-
Your browser doesn’t support HTML5 audio
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བར་ལམ་མགུལ་འཆམ་བཞེས་པ་དྭངས་བསྐྱེད་བྱུང་ཡོད་རུང་། སྔོན་འཆར་ལྟར་དུས་ཐུང་ནང་ཕྱོགས་མཐར་ཆིབས་བསྒྱུར་གནང་ཚེ་སྐུ་གཟུགས་ལ་བརྡབ་གསིག་དང་། འདུ་འཛོམས་ཆེ་སར་ཆམ་རིམ་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་། ༸སྐུའི་བླ་སྨན་པ་རྣམས་ནས་ཀྱང་དུས་ཡུན་རིང་ཙམ་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ནང་སྒང་ཏོག་ཏུ་ཕེབས་རྒྱུའི་ཆིབས་སྒྱུར་མཛད་འཆར་དང་། ཕྱི་ཟླ་ ༡༡ པའི་ཟླ་དཀྱིལ་ནས་ཕྱི་ཟླ་ ༡༢ པའི་ཟླ་དཀྱིལ་བར། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར་བཅས་ཀྱི་མཛད་འཆར་རྣམས་ཕྱིར་འཐེན་ཞུས་པ་དང་། འོན་ཀྱང་། ཕྱི་ཟླ་ ༡༢ པའི་ཟླ་དཀྱིལ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་ད་ལྟའི་ཆར་འགྱུར་བ་མེད་པ་བཅས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ཟླ་ ༡༠ པའི་ཚེས་ ༢༠ ཉིན་གསལ་བསྒྲགས་སྤེལ་ཡོད་ཅིང་། ༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས། ད་ལྟ་གནས་སྐབས་༸སྐུ་གཟུགས་ཡག་ཐག་ཆོད་ཡོད་ནའང་། དགུང་ལོ་ ༨༨ ནས་ ༨༩ ལ་ཕེབས་བཞིན་པ་དང་མགུལ་འཆམ་ཡུན་རིང་བཞེས་པ་སོགས་ཀྱིས། ༸སྐུ་གཟུགས་ངལ་གསོ་ཡག་པོ་ཐེབས་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་སྟེ། ང་ཚོས་འགན་མ་བཟོད་པར་ཆིབས་སྒྱུར་ཕྱིར་འགྱང་རོགས་གནང་ཞེས་ཞུས་པ་དང་། ལྷག་དོན་རྒྱ་གར་ལྷོ་ཕྱོགས་ལ་ཆིབས་སྒྱུར་གནང་ན་མཛད་བྲེལ་ཆེན་པོ་ཆགས་ངེས་ཡིན་པར་བརྟེན། རྡོ་རྗེ་གདན་ལ་ཡང་བསྐྱར་ཕེབས་དགོས་པའི་ཐོག་འཆར་ཅན་གྱི་མཇལ་ཁ་ཁག་འགྲོ་བཞིན་པ་ཡིན་པས། གནས་སྐབས་རིང་ཕྱིར་འགྱང་གནང་རོགས་ཞུས་པ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་མིའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། འདི་ཚེས་ ༢༠ ཉིན་མང་ཚོགས་ལ་མཇལ་ཁ་སྩལ་སྐབས་སུ། སངས་རྒྱས་པའི་ཆོས་ནས་གསུངས་པའི་བསླབ་བྱ་ཁག་གིས་བློ་རྒྱ་ཆེན་པོ་དང་། སེམས་ཀྱི་ཞི་བདེ་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ་དོན། སངས་རྒྱས་པའི་ཆོས་ནི་སེམས་རྒྱུན་གཏན་ཞི་བདེའི་ངང་གནས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། དཀའ་སྡུག་དམིགས་བསལ་བ་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར། ནང་པའི་ཆོས་ཀྱིས་བསམ་བློ་ཧ་ཅང་རྒྱ་ཆེན་པོ་ཐོངས་པར་ཕན་ཐོགས་ཆེན་པོ་ཡོད་པ་སྟེ། ངོས་རང་གི་ཉམས་མྱོང་གཞིར་བཞག་ན་སོ་སོའི་རང་དབང་དང་རྒྱལ་ཁབ་ཤོར་ནས་སྡུག་བསྔལ་མང་པོ་མྱངས་ཡོད་ནའང་། ནང་པའི་ཆོས་ཀྱི་བསླབ་བྱ་ལ་བརྟེན་ནས་སེམས་ནང་ཞི་བདེ་དང་གདོང་འཛུམ་མདངས་ཀྱིས་ཁེངས་ཐུབ་ཀྱི་ཡོད། ད་ཆ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཚུན་ཆད་ནས་ནང་པའི་ཆོས་ཀྱི་ནང་གསུང་བའི་སེམས་ཞི་བདེ་ཡོང་ཐབས་དང་། ཁོང་ཁྲོ་དང་ཕྲག་དོག་སོགས་སེལ་ཐབས་ལ་དོ་སྣང་ཇི་ཆེ་དང་ཕན་ཐོགས་འབྱུང་གི་ཡོད་ཅེས་བཀའ་སྩལ་གནང་འདུག
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་ཉེ་ལམ་མགུལ་འཆམ་བཞེས་ཏེ་ཟླ་འདིའི་ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་གྱིས། སྐུ་བསྙུང་ལྗི་མོ་གང་ཡང་བཞེས་མེད་པས་མགྲོན་ཁང་དུ་བརྟག་དཔྱད་སྟབས་བདེ་ཞིག་གནང་སྟེ། སྐུ་གཟུགས་གསལ་ཐང་ཡིན་པ་ཤེས་རྟོགས་ཀྱིས་ཟླ་འདིའི་ཚེས་ ༡༢ ཉིན་ཕྱིར་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།