རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་༧གོང་ས་མཆོག་དང་འབྲེལ་བའི་ལོག་འགྲེལ་སྤེལ་བཞིན་པར་བོད་ནང་གི་བོད་མི་ཚོའི་ཁྲོད་དུ་ཁོང་ཁྲོ་ལངས་མཁན་བྱུང་གི་ཡོད་འདུག

བོད་པ་མང་དག་ཅིག་གིས་གློ་བུར་དྲ་ལམ་ཁག་ཏུ་རིན་པོ་ཆེ་མཆོག་གི་པར་རིས་མཐོང་བས་དགའ་ཚོར་བྱུང་གི་ཡོད་པ་དང་། འོན་ཀྱང་ན་གཞོན་ཚོའི་ཁྲོད་དུ་གནས་ཚུལ་ལོག་འགྲེལ་རེད་ཅེས་ཁོང་ཁྲོ་དང་ཚོར་ཤུགས་ཆེན་པོ་བྱུང་གི་ཡོད་པ།བོད་ནང་གི་བོད་མི་ཁག་ཅིག་ནས་འདི་ག་ཡེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

༧གོང་ས་མཆོག OHHDL

འདས་པའི་ཉིན་ཤས་ནས་བཟུང་༧གོང་ས་མཆོག་གིས་རྒྱ་གར་གྱི་བྱིས་པ་དང་མཇལ་འཕྲད་གནང་བའི་སྐོར་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ། གནས་ཚུལ་རྫུན་བཟོ་དང་འབྲེལ་འགྲེམས་སྤེལ་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། བོད་ནང་གི་བོད་མི་ཚོས་གནས་ཚུལ་དེ་རིགས་མཐོང་ཐོས་བྱུང་གི་ཡོད་པ་དང་། བོད་པ་མང་དག་ཅིག་གིས་གློ་བུར་དྲ་ལམ་ཁག་ཏུ་རིན་པོ་ཆེ་མཆོག་གི་པར་རིས་མཇལ་བས་དགའ་ཚོར་བྱུང་གི་ཡོད་པ་དང་། འོན་ཀྱང་ན་གཞོན་ཚོའི་ཁྲོད་དུ་གནས་ཚུལ་ལོག་འགྲེལ་རེད་ཅེས་ཁོང་ཁྲོ་དང་ཚོར་ཤུགས་ཆེན་པོ་བྱུང་གི་ཡོད་པ།བོད་ནང་གི་བོད་མི་ཁག་ཅིག་ནས་འདི་ག་ཡེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་འབྲེལ་ངོས་ནས་༧གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་དང་པར་སོགས་སྤྱི་ཚོགས་དྲ་ལམ་ཏུ་བཀག་འོག་དང་། ཁྱབ་སྤེལ་བྱེད་མཁན་ཚོ་འཛིན་བཟུང་དང་ཁྲིམས་ཆད་རིགས་གཅོད་བཞིན་ཡོད་པ་རེད་ལ། གོང་ཞུས་བོད་ནང་གི་བོད་མི་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། གནས་ཚུལ་དེ་རིགས་མང་ཆེ་ཤོས་རྒྱ་ནག་གི་ཝེ་པོ་དང་ཏོའུ་ཡན་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡོང་གི་ཡོད་པ་དང་། ལྷ་ས་དང་ཁྲིན་ཏུའུ་སོགས་སུ་བོད་པ་མང་པོས་ཕན་ཚུན་གླེང་སློང་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་ཞིག་ནས་ད་ལྟའི་ཆར་བོད་མི་མང་དག་ཅིག་གིས་གནས་ཚུལ་དེ་མཐོང་གི་ཡོད་ན་ཡང་། དྲ་ལམ་ཁག་ཏུ་གནས་ཚུལ་དེ་རིགས་ལ་ཡ་ལན་དང་ལན་འདེབས་བྱེད་མཁན་དམིགས་བསལ་མེད་པ་དང་། རྒྱ་ནག་གཞུང་ལ་ཅུང་ཙམ་རེ་མ་འགྲིག་ཚུལ་བཤད་ན་ཡང་འཛིན་བཟུང་གིས་ལོ་གསུམ་ནས་བཞི་བར་གྱི་ཁྲིམས་ཐག་གཅོད་བཞིན་ཡོད་པས། དངོས་གནས་བཤད་ཕོད་མཁན་ཞིག་མེད་པའི་ཚོད་དུ་ལྷུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་དྲ་ལམ་ཏུ་ཕྱི་ཟླ་༤ཚེས་༩ཙམ་ནས་སྤེལ་མགོ་ཚུགས་ཡོད་པ་རེད་ལ། ད་ལྟའི་ཆར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་པར་རིས་དང་བརྙན་སོགས་ཤུགས་ཆེར་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང་འབྲེལ། བོད་དེ་གནའ་སྔ་མོ་བྲན་གཡོག་ལམ་ལུགས་ཡིན་པ་དང་རྒྱ་ནག་གིས་བཅིངས་འགྲོལ་བཏང་ཚུལ་སོགས་ཀྱི་གནས་ཚུལ་གང་མང་སྤེལ་བཞིན་འདུག་ལ། ཡང་བོད་ནང་གི་འབྲེལ་ཡོད་བོད་མི་གཞན་ཞིག་གིས་༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་དེ་རིགས་ཕྱི་ཟླ་༤ཚེས་༧ཙམ་ནས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དུ་སྤེལ་མགོ་ཚུགས་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག་ལ། དེ་བཞིན་སྐད་འཕྲིན་ནང་དུ་བོད་པ་རེ་ཟུང་གིས་གནས་ཚུལ་དེའི་སྐོར་ནས་རང་གི་བསམ་ཚུལ་འབྲི་བཞིན་ཡོད་པ་ལས། བོད་མི་གཅིག་གིས་དོན་དངོས་སུ་མི་རིགས་ཁ་བྲལ་དུ་གཏོང་མཁན་སུ་ཞིག་ཡིན་པ་གསལ་གསལ་ཐང་ཐང་གིས་འགྲེལ་བཤད་བྱེད་བཞིན་མི་འདུག་གམ་སོགས་བྲིས་འདུག
རྒྱ་ནག་གཞུང་གིས་ནམ་རྒྱུན་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། ༸གོང་ས་མཆོག་དང་འབྲེལ་བའི་གནས་ཚུལ་རིགས་བོད་ནང་དུ་ལོག་འགྲེལ་གྱིས་ཁྱབ་སྤེལ་གང་ཐུབ་བྱས་མྱོང་ཡོད་པ་རེད་ལ། ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་ནག་གཞུང་གིས་བོད་ནང་གི་ཟིང་འཁྲུག་གི་བཀོད་འདོམས་པ་༧གོང་ས་མཆོག་ཡིན་པའི་སྙོན་འཛུགས་བྱས་ཡོད་པ་རེད་ལ། དེ་བཞིན་རྒྱ་ནག་གཞུང་འབྲེལ་ངོས་ནས་༸གོང་ས་མཆོག་གིས་བོད་ནང་གི་བོད་མིའི་ངོ་བོ་མཚོན་མི་ཐུབ་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། བོད་ནང་གི་བོད་མི་ཚོས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དུས་དང་རྣམ་པ་ཀུན་ཏུ་དད་དམ་གཡོ་བ་མེད་མུ་མཐུད་གནས་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org