རྒྱ་ནག་གཞུང་གིས་བོད་ནང་༧གོང་ས་མཆོག་གི་ཤུགས་རྐྱེན་མེད་པར་བཟོ་ཐབས་བྱེད་ཀྱི་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས་བོད་ནང་༧གོང་ས་མཆོག་གི་ཤུགས་རྐྱེན་མེད་པར་བཟོ་དགོས་ཚུལ་བརྗོད་འདུག
-
2020-06-25 -
-
-
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས་བོད་ནང་༧གོང་ས་མཆོག་གི་ཤུགས་རྐྱེན་མེད་པར་བཟོ་དགོས་ཚུལ་བརྗོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཚོས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་དུ་དད་གུས་ཆེན་པོ་བྱེད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོས་༧གོང་ས་མཆོག་གི་གསུང་ཆོས་གསན་པ་དང་། སྐུ་པར་སྒྲིག་གཤོམ་བྱེད་དུ་འཇུག་གི་མེད་པར་དམ་དྲག་བྱེད་བཞིན་ཡོད་པ་རེད།
འདི་ཚེས་༢༢་ཉིན་རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ཡིས། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་དང་། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་སོགས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཞེས་བརྗོད་འདུག
སྤྱི་ཟླ་༦་པའི་ཚེས་༡༦་ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གིས་ཤོག་ངོས་༧༧་ཡོད་པའི་སྙན་ཐོ་ཞིག་བཏོན་ནས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་གི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་དང་སྐྱོན་བརྗོད་བྱས་ཡོད།
ད་དུང་སྤྱི་ཟླ་༦་ཚེས་༡༠་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་ལོ་༢༠༡༩་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་བའི་སྐབས། བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཡག་པོ་མེད་པ་ཐེར་འདོན་བྱས་ཡོད།
ད་དུང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ཡིས། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས་བའི་སྐུལ་མ་བྱས་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་འདྲ་མིན་དང་ལས་འགུལ་ལས་མིན་སྤེལ་ནས། བོད་མི་རིགས་ཀྱི་ངོ་བོ་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྐྱོན་བརྗེད་བྱེད་བཞིན་པ་དང་། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། འདི་གའི་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཟེར་བ་དེར་ཕྱི་ནས་ཉན་ན་སྙན་པོ་ཞིག་ཡིན་མོད། དོན་དངོས་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་སོགས་རྩ་མེད་བཏང་སྟེ་བོད་རིགས་རྒྱ་རིགས་ལ་བསྒྱུར་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་ཡོད།