༧གོང་ས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་གནང་རྒྱུ།
༧གོང་ས་མཆོག་གིས་རྒྱ་གར་དད་ལྡན་པར་སྤྱོད་འཇུག་གི་གསུང་ཆོས་མཇུག་སྒྲིལ་ཡོད་པ་དང་ཨ་མི་རི་ཀའི་རྒྱལ་སར་ཕེབས་གནང་རྒྱུ།
-
2016-06-09 -
-
-
Your browser doesn’t support HTML5 audio
༧གོང་ས་མཆོག་གིས་རྒྱ་གར་གྱི་དད་ལྡན་པར་སྤྱོད་འཇུག་གི་གསུང་ཆོས་མཇུག་སྒྲིལ་ཡོད་པ་དང་སྐུ་ཉིད་ཨ་མི་རི་ཀའི་རྒྱལ་སར་ཕེབས་གནང་རྒྱུ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧་གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་ལ་ནཱ་ལེནྡྲ་ཤིཀ་ཤ་(Nalanda Shiksha)་ཞེས་པའི་རྒྱ་གར་ནང་པའི་ཚོགས་པས་སྔ་ས་ནས་གསོལ་འདེབས་ཞུས་དོན་ལྟར། ཟླ་བ་འདིའི་ཚེས་༧་ནས་༩་བར་ཉིན་གྲངས་གསུམ་རིང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་གྱི་ནང་པ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་པའི་བཀའ་ཆོས་མཇུག་བསྒྲིལ་མཛད་འདུག།
ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཐོག་རྒྱལ་ཁབ་ཁག་༧༨་ནས་ཕྱི་རྒྱལ་བ་ ༡༦༣༣་དང་། རྒྱ་གར་བ་ཁྱོན་གྲངས་༡༨༡༤། གྲྭ་བཙུན་དང་མི་མང་ཁྱོན་གྲངས་༤༣༤༣། རྒྱ་ནག་སྐམ་ས་ནས་ཁྱོན་མི་གྲངས་༡༩་བཅས་ཁྱོན་བསྡོམས་ཆོས་ཞུ་བ་གྲངས་༧༨༠༩བརྒལ་བ་ཆོས་ཞུར་བཅར་འདུག།
ཎ་ལེནྡྲ་ཤིཀ་ཤ་ཞེས་པའི་རྒྱ་གར་གྱི་ནང་པ་ཚོགས་པས་ཆོས་འབྲེལ་གོ་བསྒྲིགས་ཞུ་ཐེངས་ལྔ་པ་དེ་ཡིན་པ་རེད། བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་འབྲེལ་ལེགས་པར་གྲུབ་ནས་ད་རེས་སྤྱི་ཚེས་༡༢་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་བཞིན། ཟླ་བ་འདིའི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན། སྔ་ཐོག་འདི་ག་རྒྱལ་སའི་ཁུལ་གྱི་ཞི་བདེའི་ལྟེ་གནས་ཁང་དུ་མཛད་འཆར་དང་། དེ་ནས་ཉིན་རྒྱབ་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོར་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེའི་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཡང་ཕྱི་ཚེས་༡༨་སྔ་དྲོ་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་གསར་འཛུགས་གནང་བའི་Dieu Ngu་ཝེཏ་ནམ་ཆོས་ཚོགས་སུ་བྱམས་བརྩེའི་སྐོར་བཀའ་སློབ་དང། ཉིན་རྒྱབ་སངས་རྒྱས་སྨན་ལྷའི་བཀའ་དབང་དང་འབྲེལ་ནང་ཆོས་ངོ་སྤྲོད། དེ་བཞིན་ཕྱི་ཚེས་༡༩་ཉིན་ཆོས་ཚོགས་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་བཀྲིན་ཆེ་གནང་མཛད་ཀྱི་འདུག།
དེ་ནས་ཟླ་བ་འདིའི་ཕྱི་ཚེས་༢༡་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་Utah་གཙུག་ལག་སློབ་གྲྭ་ཆེན་མོར་བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་༢༣་གྱི་སྔ་དྲོ་ཀོ་ལོ་ར་ཌོ་མངའ་སྡེའི་Boulder ས་གནས་སུ་ཀོ་ལ་ར་ཌོ་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཕྱི་ནང་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་འཁྲིད་དང་། ཉིན་རྒྱབ་Coors་ཚོགས་ཁང་ཆེན་མོའི་ནང་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུ་སོགས་ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ཝ་ཤིང་ཀྲོན་ནས་དབུ་འཛུགས་ཀྱིས་ཀེ་ལི་ཕོར་ནི་ཡ་དང། Utah, Colorado, Indiana བཅས་ཨ་རིའི་མངའ་སྡེ་ཁག་ལྔའི་ནང་ཟླ་བ་འདིའི་ཚེས་༢༥་བར་ནང་པའི་ཆོས་ཚོགས་དབུ་འབྱེད་དང་། གསུང་ཆོས། དེ་བཞིན་མང་ཚོགས་ལ་བཀའ་སློབ་སོགས་སྩལ་གནང་མཛད་རྒྱུའི་མཛད་འཆར་མཐའ་ཡས་པ་ཞིག་སྐྱོང་གནང་མཛད་ཀྱི་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།