༧གོང་ས་མཆོག་གིས་རྡོ་རྗེ་གདན་ནས་དུས་དབང་བསྩལ་གནང་རྒྱུ།

༧གོང་ས་མཆོག་གིས་གཙུག་ལག་ཁང་དུ་གསུང་ཆོས་བསྩལ་རྒྱུ་དང་དེ་ནས་ཨ་མི་རི་ཀའི་ནང་བདུན་གསུམ་ཙམ་གྱི་མཛད་འཆར་ཆེད་ཕེབས་རྒྱུ།

༧གོང་ས་མཆོག་ཐའེ་ལན་ཌའི་ནང་པའི་དགེ་འདུན་པ་ཁག་གཅིག་ལྷན་དུ། ༢༠༡༦།༥།༢༠ Tenzin Choejor/OHHDL

༧གོང་ས་མཆོག་གིས་གཙུག་ལག་ཁང་དུ་གསུང་ཆོས་བསྩལ་རྒྱུ་དང་དེ་ནས་ཨ་མི་རི་ཀའི་ནང་བདུན་གསུམ་ཙམ་གྱི་མཛད་འཆར་ཆེད་ཕེབས་རྒྱུ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱི་ཟླ་༦་ཚེས་༡་ནས་༣་བར་དང་། དེ་རྗེས་ཚེས་༧་ནས་༩་བར་ཆོས་འབྲེལ་གསུང་ཆོས་བསྩལ་རྒྱུ་ཐུགས་གཏན་འཁེལ་འདུག།
དེ་ཡང་དགའ་ལྡན་ཕོ་བྲང་གིས་གནས་ཚུལ་སྤེལ་དོན། རྡ་རམ་ས་ལའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་རིགས་གཞོན་སྐྱེས་ཚོར་ཆེད་དུ་དམིགས་ཏེ་འདས་པའི་ལོ་ཤས་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་ཆོས་འབྲེལ་སྩལ་གནང་མཛད་ཡོད་པ་བཞིན། འདི་ལོ་ཡང་ཕྱི་ཟླ་༦་ཚེས་༡་ནས་༣་བར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་གི་སྒོ་ནས་ཆོས་འབྲེལ་སྐྱོང་རྒྱུ་ཡིན་འདུག།
དེ་ནས་ཕྱི་ཚེས་༧་ནས་༩་བར་སླར་ཡང་ཉིན་གྲངས་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་བ་ནང་པའི་ཚོགས་པ་ན་ལེནྜའི་ཤིཀ་ཤ་ཟེར་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་མཇུག་ཆེན་མོའི་ལེའུ་བཞི་པའི་གསུང་ཆོས་འཕྲོ་སྐྱོང་བསྩལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད།
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ནང་གི་ནང་བའི་གནས་ཆེན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤་པ་དེ་ཕྱི་ལོ་༢༠༡༧་ཕྱི་ཟླ་༡་ཚེས་༣་ནས་༡༣་བར་སྩལ་གནང་ཐུགས་གཏེན་འཁེལ་འདུག།
ཕྱི་ཟླ་༦་ཚེས་༡༠་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གྱིས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དང་། མངའ་སྡེ་ཀ་ལི་ཕྷོར་ནི་ཡ། ཀོ་ལོ་ར་ཌོ། ཨིན་ཌི་ཡ་ན་པོ་ལིསི་བཅས་སུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཟླ་དགུ་པ་དང་བཅུ་པའི་ནང་ཡོ་རོབ་ཀྱི་ཡུལ་གྲུ་སྦེལ་ཇམ་དང་། ཧྥརན་སི། ཨི་ཊཱ་ལི་བཅས་སུ་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།     

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org