༸གོང་ས་མཆོག་གིས། རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་དྲག་གནོན་བྱས་ཀྱང་དད་སེམས་ནི་ནམ་ཡང་བརླག་མེད་ཅེས་བཀའ་སྩལ་བ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལུགས་ལ་དད་པ་མེད་མཁན་མང་པོ་ཞིག་ནས་དེང་སྐབས་ནང་པའི་གཞུང་ལུགས་ནང་གསུངས་པའི་ལྟ་གྲུབ་དང་དམིགས་བསལ་གྱི་སེམས་ཁམས་རིག་པའི་རྣམ་གཞག་སོགས་ལ་དོ་སྣང་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་བ།
- 2022-06-13
-
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་༦ པའི་ཚེས་ ༡༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྟ་གོན་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་ཀྱི་བཀའ་དྲིན་སྩལ་གནང་མཛད་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེང་གི་ཚན་རིག་པའི་ཁྲོད་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁར། ནང་པའི་གཞུང་ལུགས་ནང་ཡོད་པའི་སེམས་ཁམས་རིག་པ་དེ་ཡང་ཧ་ཅང་གི་རྒྱ་ཆེ་པོ་དང་གཏིང་ཟབ་པོ་ཡོད་ཅེས་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དྲག་གནོན་ཇི་ལྟར་བྱས་ཀྱང་བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་དད་སེམས་ནི་ནམ་ཡང་བརླག་མེད་ཅེས་བཀའ་སྩལ་གནང་སོང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་རྣམས་བཙན་བྱོལ་བ་ཆགས་པ་དེས་ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་གོང་མཐོར་སྤེལ་རྒྱུའི་གོ་སྐབས་ཤིག་ཀྱང་བྱུང་ཡོད་པ་དང་། ཆོས་ལུགས་ལ་དད་པ་མེད་མཁན་མང་པོ་ཞིག་ནས་དེང་སྐབས་ནང་པའི་གཞུང་ལུགས་ནང་གསུངས་པའི་ལྟ་གྲུབ་དང་དམིགས་བསལ་གྱི་སེམས་ཁམས་རིག་པའི་རྣམ་གཞག་སོགས་ལ་དོ་སྣང་བྱེད་ཀྱི་ཡོད། གལ་ཏེ་ངོས་རང་བོད་ལ་མུ་མཐུད་གནས་ཡོད་ན། ད་ལྟ་ནང་བཞིན་འཛམ་གླིང་གི་མི་མང་ལྷན་དུ་མཇལ་འཕྲད་བྱེད་རྒྱུའི་གོ་སྐབས་ཕལ་ཆེར་བྱུང་མེད་ལ། ལྷག་དོན་དུ་འགྲོ་དོན་དེ་ཙམ་རྒྱས་པོ་བྱུང་མེད་ཅེས་བཀའ་ཕེབས་གནང་སོང་།
རེས་གཟའ་ཟླ་བ་འཆར་ཅན་ལ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ༸སྐུའི་བླ་སྨན་པ་རྣམ་གཉིས་ལྷན་དུ་མཇལ་འཕྲད་གནང་སྟེ་སྐུ་གཟུགས་བདེ་མིན་བརྟག་དཔྱད་གནང་གི་ཡོད་པ་ལྟར། དེ་རིང་རེས་གཟའ་ཟླ་བའི་ཉིན་བླ་སྨན་པ་རྣམ་གཉིས་ནས་མགོན་པོ་གང་ཉིད་མཆོག་གི་སྐུ་གཟུགས་བརྟག་དཔྱད་གནང་བའི་རྗེས།༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡོད་པ་བཀའ་སློབ་ཕེབས་སོང་།
ཡང་༸གོང་ས་མཆོག་གིས་། སེམས་ཞི་བདེ་ལ་བརྟེན་ནས་ལུས་བདེ་པོ་ཡོང་གི་ཡོད་པ་དང་། སེམས་ཞི་བདེ་ཡོང་བར་གཙོ་བོ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་དགོས་གལ་ཆེ་ཞིང། ཁྱེད་རང་ཚོས་ངོས་བླ་མར་བརྟེན་ནས་དབང་ཞུ་ཡི་ཡོད་པས། བླ་མའི་མཛད་པ་དང་རྗེས་སུ་མཐུན་པར་ཁྱེད་རང་ཚོས་ཉིན་རེར་བཞིན་དུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་དགོས་གལ་ཆེ་ཞེས་དང་། ལྷག་པར་དུ་རང་གཞན་གཉིས་ཀྱི་དོན་གྲུབ་པར་བྱང་ཆུབ་སེམས་ཉམས་ལེན་བྱ་དགོས་ཅེས་བཀའ་གནང་སོང་།
གཞན་ཡང་སང་ཉིན་ཕྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་ཏེ་ས་ག་ཟླ་བའི་ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དངོས་གཞི་བཀའ་དྲིན་སྩལ་གནང་མཛད་རྒྱུ་དང་། རྗེའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་སྩལ་རྒྱུ་ཡིན་འདུག