ཐེ་ཝན་གཞུང་གིས་༧གོང་ས་མཆོག་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཡོད་ཟེར།

ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། ༧གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཅེས་བརྗོད་འདུག

ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ལྕམ་(Joanne Ou)་ལགས། དྲ་བཤུས།

ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། ༧གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཅེས་བརྗོད་འདུག
ཕྱི་ཟླ་ ༧ ཚེས་ ༥་རེས་གཟའ་ཉི་མའི་ཉིན། ཐེ་ཝན་དུ་ཡོད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དད་ལྡན་རྗེས་མཇུག་པ་དང་བོད་ཀྱི་གྲོགས་པོ་སོགས་ཚོགས་པ་མང་པོ་ཞིག་ཟུང་སྦྲེལ་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དྲ་ཐོག་མཛད་སྒོ་དེའི་ཐོག་ཆིབས་བསྒྱུར་སྐྱོང་གནང་གི་གསོལ་འདེབས་ཞུས་དོན་ལྟར་ཆེད་ཕེབས་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གོང་ས་མཆོག་ཐེ་ཝན་དུ་ཐོག་མར་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་ཐེ་ཝན་གྱི་མི་དམངས་རྣམས་དང་ཐུགས་ཉེ་པོ་ཆགས་ཡོད་པ་བཀའ་གནང་ཞིང་། ཆབ་སྲིད་ཀྱི་འཕོ་བསྒྱུར་ལ་གཞིགས་ནས་སླར་ཡང་ཐེ་ཝན་དུ་ཆེད་ཕེབས་ཐུབ་པ་ཡོང་རྒྱུ་ཡིན་པ་བཀའ་གནང་པའི་ཐོག། དེ་ལྟར་མ་བྱུང་བར་ཐེ་ཝན་གྱི་མི་དམངས་ཚོ་༧གོང་ས་མཆོག་གི་ཐུགས་དགོངས་ནང་ཡོད་པས་བློ་བདེ་པོ་བྱེད་དགོས་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
ཉིན་གཅིག་གི་རྗེས་ཕྱི་ཚེས་༦་ཉིན། ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ལྕམ་(Joanne Ou) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག ཐེ་ཝན་གྱི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ལ་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ད་ལྟའི་ཆར་འཚམས་གཟིགས་སུ་ཕེབས་རྒྱུའི་སྐོར་གྱི་གནས་ཚུལ་མེད་ཀྱང་། ནམ་ཞིག་འཚམས་གཟིགས་སུ་ཕེབས་རྒྱུ་བྱུང་ན་ཁྲིམས་སྲོལ་དང་མཐུན་པའི་འགྲོ་ལུགས་ཀྱི་ཐོག་ནས་འགྲོ་རྒྱུ་ཡིན་སྟབས། དཀའ་ངལ་མེད་པ་གསུངས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་གདན་ཞུ་འབུལ་མཁན་ཧ་ཅང་གི་མང་པོ་ཡོད་ལ། ཆིབས་བསྒྱུར་ཐོག་མ་དེ་ཕྱི་ལོ་ ༡༩༩༧ ལོར་གནང་ཞིང་། མཐའ་མ་དེ་ ༢༠༠༩ ལོར་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org