ཐེ་ཝན་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག

ཐེ་ཝན་ནང་ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་གོ་སྒྲིག་འོག་༧གོང་ས་མཆོག་གི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་གནང་འདུག

ཐེ་ཝན་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སྐབས། ༢༠༡༨།༦།༢༦ tibet.net

ཐེ་ཝན་ནང་ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་གོ་སྒྲིག་འོག་༧གོང་ས་མཆོག་གི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་ཞུས་གནང་འདུག
ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་གོ་སྒྲིག་འོག་འདི་ཟླའི་ཚེས་༢༦་ཉིན་གྱི་དགོང་དྲོར་སྤྱན་རས་གཟིགས་ཀྱི་ཞི་བདེའི་མཚན་ཚོགས་ཅེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༣་ལ་ཕེབས་པའི་སྐུའི་འཁྲུངས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱན་རས་གཟིགས་ཀྱི་ཞི་བདེའི་མཚན་ཚོགས་ཅེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༣་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་དགོང་དྲོའི་ཕྱག་ཚོད་༦་དང་ཕྱེད་ཀའི་ཐོག་དབུ་འཛུགས་གནང་སྐབས་ཐོག་མར་རྟེན་འབྲེལ་མཚོན་ཆེད་བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་ཡར་ཀླུང་བཀྲིས་ཞོལ་པའི་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་གནང་བ་དང་། དེ་ནས་དྲ་རྒྱ་བརྒྱུད་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཞུགས་ཐེ་ཝན་མི་མང་རྣམས་ལ་འཚམས་འདྲི་དང་བཀའ་སློབ་སྩལ་བའི་བརྙན་འཕྲིན་མཇལ་སྐབས་དད་ལྡན་མང་ཚོགས་ཀྱིས་ལག་གཉིས་ཐལ་མོ་སྦྱར་བཞིན་དུ་༧གང་ཉིད་ལ་སྐུའི་འཁྲུངས་སྐར་དུས་ཆེན་ལ་བཀྲིས་བདེ་ལགས་ཀྱི་འཚམས་འདྲི་ཞུས་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོའི་ཐོག་ཐེ་ཝན་ལྷོ་ཕྱོགས་ནན་ཐའོ་རྫོང་མེ་གསོད་ལས་ཁུངས་ལ་ཛ་དྲག་མྱུར་སྐྱོབ་ཀྱི་སྣུམ་འཁོར་ཞིག་ཞལ་འདེབས་ཕུལ་གནང་མཛད་པ་དང་རྫོང་དཔོན་གཞོན་པས་དཀའ་ངལ་ཆེ་བའི་ས་གནས་ནས་རེ་སྐུལ་ཞུས་པ་ལྟར་ཛ་དྲག་མྱུར་སྐྱོབ་སྣུམ་འཁོར་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྣུམ་འཁོར་དེས་ས་གནས་ཀྱི་ཛ་དྲག་མྱུར་སྐྱོབ་ལ་ཕན་ཐོགས་ཡོང་ངེས་ཡིན་པ་གསུང་བཤད་གནང་འདུག ཡང་སྐབས་དེར་སྐུ་མགྲོན་གཙོ་བོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་མཚན་ཚོགས་གོ་སྒྲིག་ཞུ་མཁན་ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་ནས་ད་བར་མཚན་ཚོགས་ཐེངས་མ་དགུ་གོ་སྒྲིག་ཞུས་ཟིན་པ་དང་། ད་རེས་དེ་ཐེངས་མ་བཅུ་པ་དེ་ཡིན་པ་མ་ཟད་ལོ་རེ་བཞིན་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྐོར་དང་ལོ་ལྟར་མཚན་ཚོགས་གོ་སྒྲིག་ཞུས་པའི་ཁར་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཞུའི་གསུང་བཤད་གནང་འདུག དེ་ནས་ཤར་པ་ཆེས་རྗེ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཤར་རྩི་གྲ་ཚང་གི་མཁན་ཟུར་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་པའི་རྗེས་སུ་བོད་ཀྱི་ཟློས་གར་ཚོགས་པས་དྲུག་བཅུའི་དབྱངས་ལྡན་དང་། ཆོས་གསུམ་མི་རིགས་ཀྱི་འཁྲབ་གཞས་གསང་གསུམ་གྱི་མཛད་འཕྲིན་རྔོན་པ་རིགས་ལྔ་བཅས་འཁྲབ་སྟོན་ཞུས་གྲུབ་པའི་རྗེས་སུ་ཐེ་ཝན་གྱི་ཞབས་གཞས་སྣ་ཚོགས་གཟིགས་འབུལ་ཞུས་འདུག མཚན་ཚོགས་གོ་སྒྲིག་གནང་མཁན་གྱིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་དྲུག་བཅུ་འཁོར་བ་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་
བརྙེས་ནས་ལོ་༢༠་འཁོར་བ་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པའི་སྤྱན་རས་གཟིགས་ཀྱི་ཞི་བདེའི་མཚན་ཚོགས་གནང་སྟེ་ལོ་བཅུ་འཁོར་བཅས་དམིགས་བསལ་དུས་ཚིགས་གསུམ་འཛོམས་ངོ་སྤྲོད་གནང་བ་དང་ཕྱི་རྒྱལ་མི་རིགས་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་སྨན་པའི་ལག་དེབ་སྔོན་པོ་(BlueBook)་ཞེས་པ་ངོ་སྤྲོད་དང་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org