བླ་མ་དང་ཆོས་དཔོན་ཚོས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ན་ཉེས་ཆད་གཅོད་དགོས།

༧གོང་ས་མཆོག་གིས་སྤྱོད་བཟང་གི་སློབ་གསོའི་ཐད་ཚན་རིག་པས་བརྟག་དཔྱད་དང་ཉམས་མྱོང་དངོས་ལ་གཞི་བཅོལ་ནས་གཏན་འབེབས་གནང་དགོསབ་གསུངས་འདུག

༧གོང་ས་མཆོག་ཚན་རིག་པའི་ལྷན་ཚོཊ་བགྲོ་གླེང་གི་ཚོཊ་མགོན་དུ་བཞུཊ་སྐབས། ༢༠༡༧།༩།༡༤ OHHDL

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་བཟང་གི་སློབ་གསོའི་ཐད་ཚན་རིག་པས་བརྟག་དཔྱད་དང་། ཉིན་རེའི་མི་ཚེའི་ནང་དངོས་སུ་ཉམས་མྱོང་གང་བྱུང་བ་བཅས་ལ་གཞི་བཅོལ་ནས་གཏན་འབེབས་བྱ་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་གསུངས་འདུག
དེ་ཡང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་གོང་ཞུས་བཀའ་སློབ་དེ། ཕྱི་ཚེས་༡༤་རེས་གཟའ་ཕུར་བུའི་ཉིན་འཇར་མན་གྱི་གྲོང་ཁྱེར་ཧྥརེཌཀ་ཧྥུརཊ་ནང་གོ་སྒྲིག་ཞུས་པའི་ཚན་རིག་དང་ནང་པའི་ལྟ་ཚུལ་བར་གྱི་བགྲོ་གླེང་ལྷན་ཚོགས་སྐབས་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་ཀྱི་ནང་། བློའི་རྣམ་གཞག་སྐོར་ལ་གླེང་བའི་སྐབས་དེང་དུས་ཤེས་ཡོན་ལམ་ལུགས་ཀྱིས་འདང་གི་མེད་པས། དེར་བརྟེན་གཞན་ནས་བློ་བསྐྱེད་ལེན་དགོས་པ་དང་། སྤྱིར་སྟངས་མི་དཀྱུས་མ་ཚོས་ཚན་རིག་གི་གྲུབ་དོན་རེད་ཅེས་ བརྗོད་སྐབས་དེར་ངོས་འཛིན་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པས་དེར་བརྟེན་ཡ་རབས་སྤྱོད་བཟང་གི་སློབ་གསོ་དེ་དག་ཀྱང་ཚན་རིག་པས་བརྟག་དཔྱད་ཀྱིས། ང་ཚོའི་ཉིན་རེའི་མི་ཚེའི་ནང་དངོས་སུ་ཉམས་མྱོང་གང་བྱུང་བ་བཅས་ལ་གཞི་བཅོལ་ནས་གཏན་ལ་འབེབས་དགོས་རྒྱུ་གནད་འགག་ཆགས་འདུག་ཅེས་བཀའ་སྩལ་གནང་ཡོད་འདུག
ལྷན་ཚོགས་ཐོག་ཚན་རིག་པ་སྐུ་ཞབས་(Wolf Singer)་གིས། ནུབ་ཕྱོགས་ཚན་རིག་པའི་ད་ལྟའི་ལངས་ཕྱོགས་ཐོག་གསུང་བཤད་དང་། གཞན་ཡང་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་(Gert Scobel)་གིས་ཤར་ནུབ་ཀྱི་ལྟ་གྲུབ་མཚུངས་བསྡུར་གྱི་མྱོང་ཚོར་དང་། ལྕམ་སྐུ་(Britta Holzel)་གིས་ཀླད་ཁམས་ཚན་རིག་དང་དྲན་པ་ཉེར་བཞག་སྐོར་གསུང་བཤད་གནང་ཡོད་པ་རེད།
ལྕམ་ Holzel་གྱི་གསུང་བཤད་ཀྱི་ནང་བར་ལམ་ནས་བཟུང་སེམས་ངལ་དང་སྙིང་གི་ནད་རིགས་སོགས་ན་ཚ་སྔོན་འགོག་དང་། ཟུག་རྔུར་གདོང་ལེན། བྱམས་བརྩེའི་བློ་གོང་འཕེལ་གཏོང་ཐབས་བཅས་ལ་དམིགས་ནས་དྲན་པ་ཉེར་བཞག་སྐོར་ལ་དོ་སྣང་བྱེད་མཁན་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་རེད།
ཡང་ཉིན་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཇར་མན་གྲོང་ཁྱེར་ (Frankfurt)་ནང་རྟེན་གཞི་བྱས་པའི་འཇར་མན་བོད་ཁང་དུ་ཕེབས་སྐབས། (Frankfurt)་ གྲོང་སྡེའི་སྤྱི་ཁྱབ་གཞོན་པ་(Uwe Becker)་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། གྲོང་སྡེའི་སྤྱི་ཁྱབ་གཞོན་པ་(Uwe Becker)་ཡིས། ༧གོང་ས་མཆོག་སླར་ཡང་ང་ཚོའི་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་བར་དགའ་ཚོར་ཆེན་པོ་ཡོད། སྐུ་ཉིད་ནི་ང་ཚོའི་གྲོགས་པོ་ཉེ་པོ་ཞིག་ཡིན་ལ། དམིགས་བསལ་ད་རེས་༧གོང་ས་མཆོག་ཁུལ་དེའི་བོད་ཁང་ནང་དངོས་སུ་ཞབས་སོར་འཁོད་ཐུབ་པ་ནི་སྐལ་པ་བཟང་པོ་ཞིག་རེད། ང་ཚོ་(Frankfurt)་ཡི་བོད་ཁང་འདི་ནི། བོད་ཀྱི་ནང་ཆོས་ཀྱི་སྡིངས་ཆ་ཞིག་དང་། དམིགས་བསལ་མ་འོངས་པར་བོད་ཁང་འདི་ནས་ལས་འཆར་འདྲ་མིན་བརྒྱུད་བོད་ལ་འབྲེལ་འཐུད་བྱེད་པའི་ཟམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག
དེའི་རྗེས་༧གོང་ས་མཆོག་གིས་གང་ཉིད་སྤྱི་ལོ་ ༡༩༧༣ ་ནས་འཇར་མན་གཙོས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནང་ཐེངས་མང་ཕེབས་ཡོད་པ་དང་། དུས་རྒྱུན་༧གོང་ས་མཆོག་ཡོ་རོབ་དང་། ཨ་རི་སོགས་ལ་ཕེབས་སྐབས་(Frankfurt)་གནམ་ཐང་བརྒྱུད་ནས་ཕེབས་ཀྱི་ཡོད་དུས་དེར་གྲོགས་པོ་མང་པོ་མཇལ་གྱི་ཡོད་པས་(Frankfurt)་དང་སེམས་ཐག་ཉེ་པོ་ཆགས་ཀྱི་ཡོད་པ་དང་། ད་ཆ་འདིར་བོད་ཁང་ཞིག་ཡོད་དུས་ངེད་རང་དགའ་སྤྲོ་ཆེན་པོ་ཡོད། རྒྱ་བསྐྱེད་ཕྱིན་པའི་བོད་ཁང་འདི་ནས་མ་འོངས་བོད་ཀྱི་གནས་ཚུལ་སྔར་ལས་མང་པ་སྤེལ་ཐུབ་པ་མ་ཟད། དམིགས་བསལ་བོད་པ་ཚོས་དུས་རབས་མང་པོའི་རིང་བདག་སྐྱོང་བྱེད་པའི་ན་ལེན་ཌའི་རིག་གཞུང་ཁྱབ་སྤེལ་བྱེད་ཐུབ་རྒྱུར་རེ་བ་ཡོད་ཅེས་གསུངས་འདུག
བོད་ཁང་དུ་གསར་འགོད་པ་ཚོ་དང་མཇལ་འཕྲད་སྐབས། ༧གོང་ས་མཆོག་གིས་ནང་པའི་ཆོས་པ་སྤྱི་དང་ལྷག་དོན་དུ་ཉེ་བའི་ཆར་བོད་བརྒྱུད་ནང་བསྟན་གྱི་བླ་མས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ལབ་གླེང་མང་ནས་མང་དུ་འགྲོ་བཞིན་པར་༧གོང་ས་མཆོག་ནས་མཐའ་གཅིག་ཏུ་སྐྱོན་བརྗོད་གནང་ཞིང་། དེ་ནི་བཅོམ་ལྡན་འདས་ཀྱི་བཀའ་དང་། རྒྱལ་ཁབ་ཀྱི་ཁྲིམས་སོགས་དང་འགལ་བ་ཞིག་ཡིན་པས། དེ་འདྲའི་ཁྲིམས་འགལ་བྱེད་མཁན་བླ་མ་སུ་ཡིན་རུང་འཛིན་བཟུང་གིས་འཕྲལ་དུ་བཙོན་འཇུག་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
ཡང་གོང་ས་མཆོག་གིས། དེང་སྐབས་ཡོ་རོབ་སྤྱི་དང་འཇར་མན་ནང་སྐྱབས་བཅོལ་སྐོར་གསུངས་སྐབས། དེ་ཚོར་དགོས་མཁོའི་རོགས་རམ་དང་གཞོན་སྐྱེས་རྣམས་ལ་སློབ་གྲྭ་འགྲིམ་པའི་ཤེས་ཡོན་དང་ལག་ཤེས་སློབ་གཉེར་གྱི་མཐུན་རྐྱེན་ད་ལྟ་གནང་བཞིན་པར་རྗེས་སུ་ཡི་རངས་དང་ད་དུང་མུ་མཐུད་གནང་དགོས་སྐོར་དང་། སྐྱབས་བཅོལ་བ་ཚོས་ཀྱང་རང་ཡུལ་གྱི་དཀའ་ངལ་སེལ་རྗེས་ཕྱིར་ལོག་ནས་རང་གི་རྒྱལ་ཁབ་འཛུགས་བསྐྲུན་གྱི་འགན་འཁུར་དགོས་སྐོར་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས་དེང་སང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་་སྲུང་སྐྱོབ་ཇེ་ཞེན་དུ་འགྲོ་བཞིན་ཡོད་པའི་སྐོར་བཀའ་ལན་སྩལ་སྐབས། དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་གཉེར་ན་ཐབས་སྡུག་རེད་ཅེས་གསུངས་འདུག
སྤྱི་ནོར་༧གོང་ས་མཆོག་གི་ཐེངས་འདིའི་འཇར་མན་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་དེ་རིང་ཕྱི་ཚེས་༡༥་རེས་གཟའ་པ་སངས་ཉིན་ཨི་ཊ་ལིའི་གྲོང་ཁྱེར་སི་སི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས་དང་། བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org