གསང་སྔཊ་གསང་བ་བྱེད་དགོས་དོན་ཁ་གསལ་བཟོས་ན་ཡག་གི་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསང་སྔགས་ཆོས་ཆེད་སྤེལ་དང་ཉམས་ལེན་བྱེད་ཕྱོགས་སྐོར་བཀའ་གནང་འདུག
-
2016-11-14 -
-
-
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསང་སྔགས་ཆོས་ཆེད་སྤེལ་དང་ཉམས་ལེན་བྱེད་ཕྱོགས་སྐོར་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ཁུལ་དུ་མཛད་འཕྲིན་བསྐྱངས་གནང་བཞིན་པ་ལྟར། འདི་ཚེས་༡༤་ཉིན་ཉི་ཧོང་གི་ཤིན་གྷོན་གོམས་སྲོལ་གྱི་ཐོག་ནས་གསང་སྔགས་ཀྱི་རྒྱུད་འཛིན་བྱེད་མཁན་གྱི་དགོན་པ་ཀོ་ཡ་སན་ཞེས་པའི་ནང་ཆོས་འབྲེལ་གནང་ཡོད་འདུག ཚེས་༡༣་ཉིན་གྲོང་ཁྱེར་ཨོ་ས་ཁ་རུ་ཆོས་འབྲེལ་ཉིན་མཐའ་མར་ནང་པའི་དད་ལྡན་ཆོས་ཞུ་བ་ཚོར་བཀའ་བསྩལ་བའི་དུས་སུ། གསང་སྔགས་གྱི་ཉམས་ལེན་གནང་སྟངས་སྐོར་ནས་འཕྲོས་ཏེ་གསང་སྔགས་རྒྱ་ཆེན་གྱི་གནད་འདི་བཞིན་གོ་བ་ལོག་སྒྲུབ་མི་འབྱུང་བའི་ཆེད་དུ་གང་བྱུང་འཆད་ཉན་མི་གནང་བའི་སྲོལ་ཡོད་ཀྱང་། དེ་དག་གང་འདྲ་བྱས་ནས་གསང་བ་བྱེད་དགོས་དོན་ཁག་དོན་གཉེར་བ་ཚོར་གསལ་བཤད་དང་ཁ་གསལ་བཟོས་ན་ཡག་གི་རེད་ཅེས་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༨་ཉིན་ཉི་ཧོང་དུ་ཞབས་སོར་འཁོད་པ་ནས་བཟུང་། འདས་པའི་ཉིན་གྲངས་འགའ་ཤས་རིང་གྲོང་ཁྱེར་ཁག་ཅིག་ལ་ཆིབས་བསྒྱུར་གནང་ནས་ཆོས་འབྲེལ་གནང་བ་དང་། དེ་བཞིན་སློབ་གྲྭ་ཁག་གི་ནང་གཞོན་སྐྱེས་ཚོར་དམིགས་བསལ་སློབ་འཁྲིད་སྐབས་ཆོས་དང་མ་འབྲེལ་བའི་ཐོག་ནས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོ་སྤྲོད་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་བསྩལ་གནང་འདུག་ལ་ཉི་ཧོང་རྒྱལ་ཁབ་འདི་བཞིན་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས། སྔ་མོའི་ལུགས་སྲོལ་ལྟར་ཆོ་ག་ཕྱག་ལེན་གཅིག་པུ་མ་ཡིན་པར་ནང་ཆོས་ཀྱི་དོན་ངོ་མ་ཇི་ཡིན་གསལ་པོ་ཤེས་ནས་དཔྱད་པ་བྱེད་པའི་ཐོག་ནས་སློབ་སྦྱོང་བྱེད་པའི་ཐོག་ནས་ཆོས་ཉམས་ལེན་དང་གོ་རྟོག་སྤེལ་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་སོགས་བཀའ་སློབ་བསྩལ་གནང་འདུག
༧གོང་ས་མཆོག་ཉི་ཧོང་ཁུལ་དུ་ཚེས་བཅུ་བདུན་བར་བཞུགས་ནས་མང་ཚོགས་ལ་བཀའ་སློབ་དང་། གསར་ཤོག་དང་བརྙན་འཕྲིན་ལས་ཁངས་སོགས་ནས་བཅར་འདྲི་དང་ལན་གྱི་མཛད་འཆར་ཁག་ཅིག་སྐྱོང་གནང་འཆར་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་། བོད་རྒྱལ།