༧གོང་ས་མཆོག་གིས་སྨན་པ་དང་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ།

༧གོང་ས་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་གི་སྨན་པ་དང་མང་ཚོགས་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

༧གོང་ས་མཆོག་གིས་ཨ་རིའི་Minneapolisཆོས་འབྲེལ་གནང་སྐབས། ༢༠༡༦།༢།༢༡ OHHDL

དེ་ཡང་གནས་ཚུལ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མེ་ཡོ་སྨན་ཁང་གི་སྨན་པ་དང་མང་ཚོགས་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་གཟའ་མཇུག་ཉིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་རྒྱལ་ས་Minneapolisཡིས་Conventionཚོགས་ཁང་ཆེན་མོའི་ནང་། མི་གྲངས་༣༠༠༠ལྷག་ལ་བླང་དོར་བཀའ་སློབ་སྩལ་གནང་མཛད་པ་ལྟར་  ཕྱི་ཟླ་༢ཚེས་༢༩རེས་གཟའ་ཟླ་བའི་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Minnesotaམངའ་སྡེའི་Rochesterགྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Saint Marysསྨན་ཁང་དུ། མེ་ཡོ་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་སོགས་ལ་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞིའི་ནང་བྱམས་བརྩེའི་ཉམས་ལེན་གྱི་གལ་གནད་སྐོར་བླང་དོར་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད།
དེ་ཡང་གོང་གསལ་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚུལ་དུ་མཛད་སྒོ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་དེ་ལྟར་ཡང་Mayoསྨན་ཁང་ནས་ངོས་ལེན་གནང་འདུག་པ་མ་ཟད། མེ་ཡོ་སྨན་ཁང་གི་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་གཅིག་ལྕོགས་སྐུ་ཞབས་John Noseworthyལགས་ཀྱིས་ཚོགས་བཅར་བ་རྣམས་ལ་བགྲོ་གླེང་ཚོགས་འདུ་ངོ་སྤྲོད་གནང་གཏན་འཁེལ་འདུག་པ་དང་། ས་གནས་ཀྱི་བརྙན་འཕྲིན་དང་རླུང་འཕྲིན་ལས་རིམ་གཙོ་སྐྱོང་གནང་མཁན་ལྕམ་Cathy Wurzerལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན་འདུག
བགྲོ་གླེང་གི་ལས་རིམ་དེར་མང་ཚོགས་བཅར་རྒྱུའི་གོ་སྐབས་མེད་ཀྱང་ཏཱ་ལའི་བླ་མའི་དྲ་རྒྱའི་ཐོག་ཐད་གཏོང་གསན་གཟིགས་གནང་རྒྱུ་ཡོད་པ་རེད།
གཞན་ཡང་ཕྱི་ཟླ་༣ཚེས་༩ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིསWisconsinམངའ་སྡེའི་རྒྱལ་ས་མེ་ཊེ་སོན་Madisonནང་ཆགས་པའི་Wisconsinགཙུག་ལག་སློབ་གཉེར་ཁང་གི་Center for Healthy Mindཞེས་སེམས་ཁམས་འཕྲོད་བསྟན་དང་དཔྱད་གཞིའི་ལྟེ་གནས་ཁང་གིས་གོ་སྒྲིགས་འོག་གོ་ལའི་བདེ་ཐབས་གོང་འཕེལ་གཏོང་ཕྱོགས་སྐོར་མཁས་པའི་བགྲོ་གླེང་ནང་ལྷན་བཞུགས་གནང་རྒྱུ་ཡིན་པ་རེད
བགྲོ་གླེང་དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་དུ་ཨ་རིའི་ནང་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་མཁས་དབང་Wisconsinགཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་Richard Davidsonདང་། Coloradoགཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་སློབ་དཔོན་Sona Dimidijian དེ་བཞིན་འཕྲོད་བསྟེན་ལྟ་སྐྱོང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་Soma Stoutབཅས་མཉམ་བཞུགས་གནང་རྒྱུ་དང་། བགྲོ་གླེང་དེ་བཞིན་ཨ་རིའི་ABCབརྙན་འཕྲིན་གསར་འགྱུར་ལས་ཁང་གི་ལས་རིམ་གཙོ་སྐྱོང་བ་Dan Harrisལགས་ཀྱིས་སྟངས་འཛིན་དང་གཙོ་སྐྱོང་གནང་རྒྱུ་ཡིན་འདུག་ལ་བགྲོ་གླེང་གི་ལས་རིམ་དེ་བཞིན་དྲ་ལམ་བརྒྱུད་ཐད་གཏོང་གནང་འཆར་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org