ད་ཆ་ངའི་རྒྱལ་ཁབ་དང་ཡུལ་ལུང་ཟེར་ནས་བསམ་བློ་གཏོང་བའི་དུས་ཚོད་མིན་པར་འགྲོ་བ་མི་ཡོངས་རྫོགས་ཀྱི་ཆེད་དགོངས་པ་བཞེས་བའི་དུས་སུ་བབས་ཡོད། ༧གོང་ས་མཆོག་གིས།

ཡེ་ཤུའི་ཆོས་ལུགས་པས་བྱམས་བརྩེ་ཉམས་ལེན་ཤུགས་ཆེར་གནང་གི་ཡོད་པས་ཚང་མས་སེམས་པ་བཟང་པོ་ལ་དོ་སྣང་མང་ཙམ་གནང་དགོས་པ་༧གོང་ས་མཆོག་གིས་ཡེ་ཤུའི་ཆོས་པ་(Laurence Freeman)་དང་ལྷན་བཀའ་མོལ་སྐབས་བཀའ་གནང་སོང་།

སྤྱི་ནོར་༧གོང་ས་མཆོག་དང་ཡེ་ཤུའི་ཆོས་པ་(Laurence Freeman)་ལགས་དེ་སྔ་མཇལ་འཕྲད་སྐབས། OHHDL

འཛམ་གླིང་ཡེ་ཤུའི་ཆོས་ལུགས་པའི་སྒོམ་སྒྲུབ་ཚོགས་སྡེ་(World Community for Christian Meditation)་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བ་དང་བསྟུན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ལ་སེམས་པ་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་གྱི་བརྗོད་གཞི་དང་འབྲེལ་ནས། སྤྱི་ཟླ་༡༢་པའི་ཚེས་༡་ཉིན་ཚོགས་སྡེའི་དབུ་འཛིན་ཡེ་ཤུའི་གྲྭ་པ་(Laurence Freeman)་ལགས་དང་ལྷན་དྲ་ལམ་བརྒྱུད་བཀའ་མོལ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ད་ཆ་རྒྱ་གར་གྱི་མི་ལོ་སྟོང་ཕྲག་རིང་གི་སྙིང་རྗེའི་བསམ་པ་གོང་སྤེལ་གཏོང་བའི་དུས་སུ་བབས་ཡོད་པ་དང་། བདག་ཉིད་ཆེན་མོ་གྷན་ངྷི་ཞལ་བཞུགས་སྐབས་ཁོང་གིས་འཚེ་བ་མེད་པའི་ལམ་དར་ཁྱབ་ཤུགས་ཆེ་གནང་སྟེ། འཛམ་གླིང་ཡུལ་ཁག་མི་འདྲ་བ་མང་པོ་ནས་བདག་ཉིད་ཆེན་མོ་ཁོང་གི་འཚེ་བ་མེད་པའི་ལམ་དུ་འཇུག་མཁན་མང་པོ་བྱུང་ཡོད། ད་ནི་ང་ཚོས་ངེས་པར་འབད་བརྩོན་ཡོད་ཚད་བསྟེན་ཏེ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་སྙིང་རྗེའི་བསམ་པ་གོང་འཕེལ་གཏོང་དགོས་པའི་སྐབས་དང་དུས་སུ་བབས་ཡོད། ལར་ནས་ཆོས་ལུགས་ཚང་མ་དང་ཁྱད་པར་ཡེ་ཤུའི་ཆོས་ལུགས་ཀྱིས་བྱམས་བརྩེའི་ཉམས་ལེན་ཤུགས་ཆེ་གནང་གི་ཡོད་པ་དང་། དམིགས་བསལ་གྱི་ནུས་པ་ཡང་ལྡན་ཡོད། ལྟ་གྲུབ་ཀྱི་ཐོག་ནས་ཀྱང་ང་ཚོ་ཚང་མ་དཀོན་མཆོག་གཅིག་གིས་བཀོད་པར་བཤད་དེ་ཡེ་ཤུའི་ཆོས་ལ་ཧ་ཅང་གིས་རྒྱུ་མཚན་ཡག་པོ་བགྲང་རྒྱུ་ཡོད་པས། ང་ཚོས་ངེས་པར་སེམས་པ་བཟང་པོ་ལ་དོ་སྣང་མང་ཙམ་གནང་དགོས་པ་བཀའ་གནང་བ་དང་། དེང་སང་གི་དངོས་ཡོད་གནས་ཚུལ་ནི་ངའི་རྒྱལ་ཁབ་དང་ཡུལ་ལུང་ཟེར་ནས་བསམ་བློ་གཏོང་བའི་དུས་ཚོད་མིན་པར། འགྲོ་བ་མི་ཡོངས་རྫོགས་ཀྱི་ཆེད་དགོངས་པ་བཞེས་དུས་སུ་བབས་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་སོགས་སུ་འཐབ་འཁྲུག་མང་པོ་བརྒྱབས་ཏེ། ད་ལྟ་ཚང་མ་འཚེ་བའི་རང་བཞིན་ལ་ཡིད་ཐང་ཆད་ཡོད་པ་དང་། མི་ཚོས་མཚོན་ཆའི་ཆེད་དུ་འགྲོ་སོང་གཏོང་རྒྱུ་མང་དྲགས་ཏེ་ད་ཆ་འཛམ་གླིང་འདི་དམག་དཔུང་བྲལ་བ་ཞིག་ཏུ་བསྒྱུར་རྒྱུའི་ཚོར་བ་ཤུགས་ཆེ་ཡོང་གི་ཡོད། མིའི་གཞི་རྩའི་རང་བཞིན་ནི་སེམས་བཟང་ཅན་དང་བྱམས་བརྩེ་ལྡན་པ་ཞིག་ཡིན་ལ། དེང་སང་འཛམ་གླིང་གི་དངོས་ཡོད་གནས་ཚུལ་ནི། ངའི་རྒྱལ་ཁབ་དང་ཡུལ་ལུང་ཟེར་ནས་བསམ་བློ་གཏོང་བའི་དུས་ཚོད་མིན་པར། འགྲོ་བ་མི་ཡོངས་རྫོགས་ཀྱི་ཆེད་དགོངས་པ་བཞེས་བའི་དུས་སུ་བབས་ཡོད་པ་བཀའ་གནང་སོང་།
སྐབས་དེར་༧གོང་ས་མཆོག་ལ་ཡེ་ཤུའི་སྒོམ་སྒྲུབ་ཚོགས་པ་དེའི་ཨ་མི་རི་ཀ་དང་ཨོ་སི་ཁྲི་ར་ལི་ཡ། ཡོ་རོབ་དང་ཨེ་ཤེ་ཡ་བཅས་ཀྱི་ནང་གི་ཚོགས་མི་ཚོས་དྲི་བ་འདྲ་མིན་ཞུས་ཡོད་པ་ལས། སིང་ག་ཕོར་གྱི་བུད་མེད་ཨན་ཇི་ལི་ཆཱན་ལགས་ནས། འབྱུང་འགྱུར་༧རྒྱལ་དབང་སྐུ་ཕྲེང་རྗེས་མ་ལ་བསླབ་བྱ་གལ་གནད་ཆེ་ཤོས་ཅི་ཡོད་ཐོག་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། དྲང་པོར་ཞུས་ན་༧རྒྱལ་དབང་སྐུ་ཐོག་བཅོ་ལྔ་པའི་ཆེད་སེམས་འཚབ་ལངས་ཀི་མེད་པར། ཇི་སྲིད་ངོས་རང་གསོན་པོར་བསྡད་པ་དེ་སྲིད་དུ། འཛམ་གླིང་འདི་སྔར་ལས་ལེགས་པ་དང་ཞི་བདེ་ཡོད་པ། འཕྲོད་བསྟེན་ཡོད་པའི་ཁོར་ཡུག་ཅིག་ཡོང་རྒྱུར་འབད་བརྩོན་ཞབས་འདེགས་སྒྲུབ་འདོད་ཡོད། ༧རྒྱལ་དབང་སྐུ་ཐོག་རྗེས་མ་དེར་ངོས་ལ་ཇུས་འཁྲི་མེད་ཁར་སེམས་ཁྲལ་ཀྱང་དེ་ཙམ་བྱེད་ཀྱི་མེད། ངོས་ནས་བསམ་ན་འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་རིང་།གནས་སྟངས་ལ་འགྱུར་བ་འགྲོ་ངེས་རེད་ཅེས་བཀའ་གནང་ཡོད་པ་རེད།
གཞན་ཡེ་ཤུའི་ཆོས་པ་ལོ་རན་སི་ཧྥི་རེ་མན་ལགས་ནས། ༧གོང་ས་མཆོག་གིས་དེང་རབས་ཤེས་ཡོན་ནང་ཀླད་པ་ཡར་རྒྱས་ཙམ་མིན་པར། ནང་སེམས་ཀྱི་ཡར་རྒྱས་སྐོར་བཅུག་དགོས་པར་གསུངས་པ་དེ། རླབས་ཆེན་གྱི་དགོངས་པ་བཞེས་སྟངས་ཤིག་ཡིན་པས། ང་ཚོས་སེམས་ཀྱི་རྣམ་གཞག་གང་མང་ཤེས་དགོས་པ་སོགས་གསལ་སྟོན་གནང་སོང་།
འཛམ་གླིང་ཡེ་ཤུའི་ཆོས་ལུགས་པའི་སྒོམ་སྒྲུབ་ཚོགས་པ་ནི། སྤྱི་ལོ་༡༩༩༡་ལོར་ཡེ་ཤུའི་ཆོས་ལུགས་པ་ཁག་ཅིག་ནས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ཏུ་བཙུགས་ཤིང་། ཁོ་ཚོའི་ཚོགས་མི་འཛམ་གླིང་ཤར་ནུབ་གང་ས་ལ་ཁྱབ་ཡོད་པ་དང་། གཙོ་ཆེར་ཡེ་ཤུའི་ཆོས་ལུགས་ལས་བྱུང་བའི་སྒོམ་ཉམས་ལེན་དང་ཐབས་ལམ་སློབ་ཁྲིད་གནང་གི་ཡོད་པ་མ་ཟད། ཕྲུ་གུ་ལོ་ཆུང་ཚོ་ལའང་སྒོམ་ཉམས་ལེན་གྱི་ཐབས་ལམ་སློབ་ཁྲིད་གནང་དང་གནང་བཞིན་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org