བོད་དང་རིག་གཞུང་བརྗེ་རེས་དང་༧གོང་ས་མཆོག་གི་བཀའ་སློབ་ཀྱིས་སློབ་ཕྲུག་ཚོར་ཕན་ཐོགས་བྱུང་ཟེར།
ཌན་མརྐ་རྒྱལ་ཁབ་ཀྱི་སློབ་ཕྲུག་ཚོ་ཁག་ཅིག་ལ་༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་དང་ཁོང་ཁྲོའི་ཉེས་དམིགས་སོགས་བཀལ་བསྩལ་བར་ཕན་ཐོགས་ཆེན་པོ་བྱུང་བ་སློབ་ཕྲུག་ཚོ་ཁག་དེའི་སྣེ་ཁྲིད་དགེ་རྒན་གྱིས་འགྲེལ་བརྗོད་གནང་བྱུང་།
- 2022-11-08
-
-
-
ཌན་མརྐ་རྒྱལ་ཁབ་ཀྱི་སློབ་ཕྲུག་ཚོ་ཁག་ཅིག་ལ་༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་དང་ཁོང་ཁྲོའི་ཉེས་དམིགས་སོགས་བཀལ་བསྩལ་བར་ཕན་ཐོགས་ཆེན་པོ་བྱུང་བ་སློབ་ཕྲུག་ཚོ་ཁག་དེའི་སྣེ་ཁྲིད་དགེ་རྒན་གྱིས་འགྲེལ་བརྗོད་གནང་བྱུང་།
ཉེ་བའི་ལོ་ཤས་ནས་ལོ་བསྟར་ཆགས་སུ་ཌན་མརྐ་རྒྱལ་ཁབ་ཀྱི་(Hojskolendkm)་མཐོ་སློབ་སློབ་ཕྲུག་ཚོ་ཁག་རེ་རིག་གཞུང་མི་འདྲ་བ་ཕན་ཚུན་གོ་རྟོགས་བརྗེ་རེས་དང་། དྭང་བླངས་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྱི་ཉམས་མྱོང་གསོག་པ་སོགས་ཀྱི་ཆེད། བཞུགས་སྒར་དུ་བདུན་ཕྲག་ཁ་ཤས་རེའི་རིང་བསྐོར་བསྐྱོད་ཉམས་གསོག་གནང་སྲོལ་ཡོད་པ་བཞིན། འདི་ལོར་ཡང་ཉེ་ཆར་ཌན་མརྐ་(Denmark)་རྒྱལ་ཁབ་ཀྱི་སློབ་ཕྲུག་ཕོ་མོ་༢༥དང་དགེ་རྒན་༢བཅས་ཁྱོན་མི་གྲངས་༢༧བཞུགས་སྒར་དུ་ཡོང་སྟེ། ཚོགས་པ་ཁག་འདྲ་མིན་ནང་ཉམས་མྱོང་བརྗེ་རེས་སོགས་གནད་སྨིན་གནང་ཡོད་པ་མ་ཟད། ཚེས་༤ཉིན་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་༧གོང་ས་མཆོག་གིས་ནུབ་ཕྱོགས་པའི་ལྟ་སྟངས་དང་མི་འདྲ་བའི་ལམ་ནས་ནང་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་དང་། ཁོང་ཁྲོའི་ཉེས་དམིགས་སོགས་བཀའ་སྩལ་པ་དེས། སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག ཁོང་ཚོའི་སྣེ་ཁྲིད་དགེ་རྒན་ཨེ་སི་ཁ་ཨར་ལྡུར་སོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སློབ་ཕྲུག་ཚོས་བདུན་ཕྲག་གཉིས་རིང་བོད་ཀྱི་རེ་བ་ཚོགས་པ་དང་མཉམ་དུ་རིག་གཞུང་བརྗེ་རེས་བྱས་པར། ཁོ་ཚོ་ལ་དོ་སྣང་གསར་པ་དང་མི་འདྲ་བར་ཆེན་པོར་ཚོར་ཏེ། སྤྲོ་སྣང་དང་སེམས་ཤུགས་ཆེན་པོ་འཕེལ་སོང་བའི་ཁར། ༧གོང་ས་མཆོག་གིས་འཕྲལ་དུ་ནུབ་ཕྱོགས་པ་ཡིན་པར་གཟིགས་ཏེ། ནང་སེམས་ཀྱི་ཞི་བདེ་དང་ཁོང་ཁྲོའི་ཐོག་གཟིགས་ཚུལ། སེམས་ཀྱི་སྡུག་བསྔལ་སོགས་ཀྱི་སྐོར་བཀའ་སྩལ་སོང་བ་དེས། ཁོ་ཚོས་༧གོང་ས་མཆོག་དང་ནང་ཆོས་ལས་ཉམས་མྱོང་གསར་པ་ཞིག་ཐོབ་ཡོད་པ་མ་ཟད། མི་གཞན་མང་པོ་ལའང་ཕན་ཐོགས་རྒྱ་ཆེ་འབྱུང་བར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། གཞན་ཡང་སློབ་ཕྲུག་ཚོ་ཁག་དེའི་མགོ་ཁྲིད་དགེ་རྒན་སྐུ་སྐྱེ་མ་ཨན་ནེ་ནོ་ཨར་ལགས་ནས་ཀྱང་། སློབ་ཕྲུག་ཚོར་བོད་མིའི་རིག་གཞུང་གི་ཉམས་མྱོང་ཐོབ་པ་ནི། ཁོ་ཚོའི་མི་ཚེ་ལ་ཕན་ཐོགས་ཡོད་པའི་རིག་གཞུང་བརྗེ་རེས་ཤིག་རེད། བོད་མི་ཚོས་དྲང་བདེན་མིན་པའི་གཉའ་གནོན་ཚབས་ཆེན་མྱོང་གི་ཡོད་ནའང་། འཚེ་བ་མེད་པའི་ལམ་ནས་འཐབ་རྩོད་དང་འཚོ་བ་རོལ་ཏེ་མི་ཚེ་བསྐྱལ་ཐུབ་པའི་གནས་སྟངས་དེ་སློབ་ཕྲུག་ཚོས་མཐོང་ཡོད་པས། ཉམས་མྱོང་དེ་ནི་ཧ་ཅང་བཟང་པོ་དང་ཕན་ཐོགས་ཡོད་པ་ཞིག་ཡིན་པ་མ་ཟད། བོད་མི་ཚོས་སྡུག་བསྔལ་དེ་ཙམ་མྱང་གི་ཡོད་ནའང་༧གོང་ས་མཆོག་གཙོས་ཚང་མས། སེམས་པ་བཟང་པོ་བྱ་དགོས་པའི་ལམ་སྟོན་དང་ཉམས་ལེན་གནང་བཞིན་པ་དེས་སེམས་འགུལ་ཆེན་པོ་ཐེབས་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོ་ཚོའི་སྣེ་ཤན་པ་བོད་མི་དགྲ་འདུལ་སྟོབས་ལྡན་ལགས་ནས། ཁོང་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་གནས་སྟངས་སོགས་ངོ་སྤྲོད་ཀྱི་ལས་རིམ་འདྲ་མིན་བསྒྲིགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཁོ་ཚོའི་རིག་གཞུང་བརྗེ་རེས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྱི་ལས་རིམ་ཁག་འདིར། བོད་ཀྱི་རེ་བ་ཚོགས་པ་དང་ཤེས་རབ་དགའ་ཚལ་གླིང་བཅས་སུ་བོད་མི་སློབ་ཕྲུག་ཚོར་རིག་གཞུང་བརྗེ་རེས་གནང་ཐུབ་ཡོད་པ་མ་ཟད། རྡ་རམ་ས་ལའི་དུར་ཁྲོད་སོགས་སུ་གློག་གི་དཀའ་ངལ་སེལ་ཐབས་སོགས་དྭང་བླངས་ལས་དོན་ཀྱང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།