བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༧གོང་ས་མཆོག་གིས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་བསྩལ་གནང་མཛད་འདུག

༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་མོལ་གནང་སྐབས། ༢༠༢༠།༩།༢༢ OHHDL

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་བསྩལ་གནང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མེཁ་སི་ཀོ་ཡུལ་གྱི་གློག་བརྙན་འཁྲབ་མཁན་དང་བཟོ་སྐྲུན་མཁན། མིག་དཔེ་ཡར་སྟོན་མཁན་སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་(Eugenio Derbez)་ལགས་ཀྱིས་ཇི་ལྟརགསོལ་འདེབས་ཞུས་པ་བཞིན། འདི་ཚེས་༢༢་ཉིན་ཁོང་དང་ལྷན་དུ་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་ནས་ཁོར་ཡུག་གི་གནད་དོན་དང་བྱམས་བརྩེ་དང་འབྲེལ་བའི་སྐོར་ལ་བཀའ་འདྲིར་བཀའ་ལན་གནང་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ལ་དམ་བཅའ་བཞི་ཡོད་པའི་ནང་ནས་གསུམ་པ་དེ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་མི་ཚོས་ང་ལ་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཆབ་སྲིད་ཀྱི་འགོ་ཁྲིད་དེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་བྱེད་ཀྱི་ཡོད་པ་རེད། ང་ལ་འགན་འཁུར་གང་ཡང་མེད། ངོས་རང་ལ་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐད་ལ་སེམས་ཚབ་ཆེན་པོ་ཡོད། བོད་དེ་སྤྱིར་སྟངས་འཛམ་གླིང་གི་ཡང་ཐོག་ཡིན་པ་བཤད་སྲོལ་ཡོད་པ་བཞིན། ཨེ་ཤེ་ཡའི་ནང་རྒྱུག་བཞིན་པའི་གཙང་ཆུ་ཆེ་ཁག་ཚང་མ་བོད་ནས་ཡོང་གི་ཡོད། དེ་འདྲ་སོང་ཙང་བོད་ཀྱི་རང་བྱུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཨེ་ཤེ་ཡའི་ཡུལ་གྲུའི་ཆུའི་འབྱུང་ཁུངས་གཙོ་བོ་དེ་བོད་ཆགས་ཀྱི་ཡོད་སྟབས་བོད་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་གནང་སོང་།
སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་(Eugenio Derbez)་ལགས་ནས་ད་དུང་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཕེབས་ཀྱི་ཡོད་ན། དེ་བེུད་ཞིག་ཡོང་སྲིད་དམ་ཞེས་བཀའ་འདྲི་ཞུས་པར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་བསྩལ་དོན་ལ་
༧གོང་ས་སྐུ་ཕྲེང་ལྔ་པ་ནས་སྲོལ་གཏོད་པའི་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་འཁུར་བཞེས་བ་དེ་ངས་འགྱུར་བ་བཏང་ཟིན་པ་རེད། ང་རང་རྒས་ཡོལ་ཕྱིན་ཟིན་པ་མ་ཟད། གལ་སྲིད་མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་པ་ཡིན་ནས་ཆབ་སྲིད་ཀྱི་འགན་འཁུར་རྩ་བ་ནས་བཞེས་རྒྱུ་མེད་པ་བཟོས་ཟིན་པ་རེད། དེ་ནས་ཡང་སྲིད་ཕེབས་མིན་དེ་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོ་དང་། ཧི་མི་ལ་ཡའི་རི་རྒྱུད་ཀྱི་ནང་པ། དེ་བཞིན་ཏཱ་ལའི་བླ་མ་དང་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པའི་སོག་པོ་བཅས་ལ་འགན་འཁུར་ཡོད་པ་རེད་ཅེས་བཀའ་གནང་སོང་།
ཡང་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟ་འཛམ་གླིང་འདིའི་ནང་ (covid-19)་ཏོག་དབྱིམས་ནད་ཡམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་མཁན་སྨན་པ་དང་སྨན་ཞབས་པ། དེ་བཞིན་ནད་ཀྱིས་མནར་བཞིན་པ་རྣམས་ལ་ཐུགས་སྨོན་སྐྱབས་མཇུག་ཡོང་བ་ཞུས་པར་༧གོང་ས་མཆོག་གིས། ངས་ཉིན་ལྟར་ཞོགས་པ་སྐར་མ་བཅུ་བཅོ་ལྔའི་རིང་ལ་ད་ལྟ་ནད་ཀྱིས་མནར་བཞིན་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་རྒྱག་གི་ཡོད། ཡིན་ནའང་སྨོན་ལམ་ཅིག་པོས་གདེངས་ཀྱི་མེད། གལ་ཆེ་ཤོས་དེ་ལག་བསྟར་བྱེད་ཡག་དེ་རེད། ད་ལྟ་ནད་ཀྱི་གནར་བཞིན་པ་རྣམས་ཀྱི་གཟུགས་པོར་བལྟ་རྟོག་བྱེད་མཁན་འབྲེལ་ཡོད་ཚང་མར་མངགས་བརྗོད་ཡོད་ལ་ཁོང་རྣམ་པས་གནང་བཞིན་པའི་ལས་དོན་ཁག་མུ་མཐུད་ནས་མཇུག་སྐྱོང་ཡོང་ཡག་དང་། ལམ་ལྷོང་ཡོང་ཡག་གིས་སྨོན་ལམ་ཡང་རྒྱག་གི་ཡོད་ཅེས་བཀའ་བསྩལ་གནང་སོང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org