བྱིས་བ་རྣམས་ནི་འཛམ་གླིང་བདག་སྐྱོང་གནང་མཁན་དང་མ་འོངས་བའི་རེ་བ་བྱེད་ས་ཡིན། ༧གོང་ས་མཆོག་གིས།
བྱིས་པ་རྣམས་ནི་ང་ཚོའི་འཛམ་གླིང་ལ་བདག་སྐྱོང་གནང་མཁན་གཙོ་བོ་དེ་ཆགས་རྒྱུ་ཡིན་པ་དང་འཛམ་གླིང་ལ་བདག་སྐྱོང་གནང་བ་ནི་དོན་གྱིས་ང་ཚོ་རང་ཉིད་ལ་བདག་སྐྱོང་གནང་བ་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་སོང་།
-
2020-09-09 -
-
-
Your browser doesn’t support HTML5 audio
བྱིས་པ་རྣམས་ནི་ང་ཚོའི་འཛམ་གླིང་ལ་བདག་སྐྱོང་གནང་མཁན་གཙོ་བོ་དེ་ཆགས་རྒྱུ་ཡིན་པ་དང་འཛམ་གླིང་ལ་བདག་སྐྱོང་གནང་བ་ནི་དོན་གྱིས་ང་ཚོ་རང་ཉིད་ལ་བདག་སྐྱོང་གནང་བ་རེད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་སོང་།
ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤ་སཏྱར་ཏི་མཆོག་ནས་གོ་སྒྲིག་གནང་སྟེ། བྱིས་པའི་བགོ་སྐལ་ཆེད་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཤིག སྤྱི་ཟླ་༩་པའི་ཚེས་༩་ནས་༡༠་བར་ཉིན་གཉིས་རིང་དྲ་ལམ་བརྒྱུད་གནང་གི་ཡོད་པར། སྤྱི་ཚེས་༩་ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཚོགས་ཐོག་བཀའ་སློབ་ཕེབས་སྐབས། ང་ཚོའི་འབྱུང་འགྱུར་ནི་སོ་སོའི་ལག་ན་ཡོད་ཁར། བྱིས་པ་རྣམས་ནི་མ་འོངས་འཛམ་གླིང་ལ་བདག་སྐྱོང་གནང་མཁན་ཆགས་རྒྱུ་དང་། ང་ཚོའི་མ་འོངས་པའི་རེ་བ་བྱེད་ས་ཡིན། འཛམ་གླིང་ལ་གཅེས་སྐྱོང་གནང་བ་ནི་དོན་གྱིས་ང་ཚོས་སོ་སོ་ལ་བདག་སྐྱོང་གནང་བ་རེད་ཅེས་དང་། གོ་ལའི་ཚ་དྲོད་འཕེལ་བའི་གནས་སྟངས་སོགས་ཀྱིས་དངོས་སུ་ང་ཚོའི་མི་ཚེ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན། ངོས་ནས་བསམ་ན། དུས་རབས་ཉི་ཤུ་བའི་ནང་འཚེ་བ་རྒྱ་ཆེར་བྱུང་ཡོད་ནའང་། དུས་རབས་ཉེར་གཅིག་པ་སྔ་མ་དང་བསྡུར་ན་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ཏེ། ད་ཆ་གང་ས་གང་དུ་མི་ཚོས་ཞི་བདེ་དང་འཛམ་གླིང་ཞི་བདེ་ཞེས་ལབ་བསྡད་ཡོད་པ་ལས་དུས་རབས་སྔ་མའི་ནང་སྐད་ཆ་དེའི་གྲས་དེ་ཙམ་ཐོས་རྒྱུ་མེད་པས། ང་ཚོའི་བྱིས་པ་རྣམས་ནི་མ་འོངས་པའི་འཛམ་གླིང་དེ་དོན་དམ་གྱི་ཞི་བདེ་ལྡན་པ་ཞིག་བསྐྲུན་མཁན་མི་རབས་གཙོ་བོ་དེ་ཆགས་ཡོད་ཅེས་བཀའ་སོང་།
ད་དུང་༧གོང་ས་མཆོག་གིས། ཁྱད་པར་དུ་སྐབས་རེར་འབྱོར་ལྡན་ཚོ་ནི་རྟག་པར་འབྱོར་ཕྱུག་རྒྱས་བཞིན་པ་དང་། དབུལ་ཕོངས་ཉམ་ཐག་རྣམས་དུས་རྒྱུན་ཉམ་ཐག་གི་རང་བཞིན་དུ་གྱུར་པའི་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ཆ་ནས་བཤད་ན། ངོས་རང་ནི་སྤྱི་ཚོགས་རིང་ལུགས་པ་ཞིག་དང་། ངོས་ནས་རྟག་པར་གྲངས་མང་དང་དབུལ་ཕོངས་ཉམ་ཐག་གི་བདེ་སྡུག་སྐོར་བཤད་བསྡད་ཡོད་པས། ཕྲུག་གུ་ལོ་ཆུང་ཚོས་དབུལ་ཕྱུག་དོ་མི་སྙོམས་པའི་བར་ཁྱད་ཇེ་ཉུང་དུ་གཏོང་རྒྱུར། དོ་སྣང་ཇི་ཆེ་གནང་རོགས་ཞེས་འབོད་སྐུལ་གནང་བ་དང་། དབུལ་ཕྱུག་དོ་སྙོམས་ཡོང་རྒྱུ་ནི་ངོས་ཀྱི་དོ་ཁུར་བྱ་གཞི་གཙོ་བོ་དེ་ཡིན་པ་དང་། ཁྱེད་རང་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་མིན་ཇི་ལྟར་ཡང་། ང་ཚོས་འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་མི་ཉམ་ཐག་དབུལ་པོའི་ཆེད་བསམ་བློ་གཏོང་དགོས་པ་རེད། ཁོང་ཚོ་ལ་དངོས་གནས་རོགས་རམ་གྱི་དགོས་མཁོ་ཆེན་པོ་ཡོད། དབུལ་པོ་ཚོས་ཀྱང་དཀོན་མཆོག་ལ་དད་པ་ཙམ་གྱིས་འདང་གི་མེད་པར། ང་ཚོས་འབད་བརྩོན་གྱིས་དབུལ་ཕྱུག་བར་ཁྱད་པར་ཇེ་ཆུང་དུ་གཏོང་དགོས་པ་དང་། དབུལ་ཕྱུག་གི་ཁྱད་པར་ངེས་པར་དུ་ཇེ་ཉུང་དགོས་པ་དེ་མི་རབས་གཞོན་པ་ཚོས་སེམས་ལ་འཛིན་རོགས་ཞེས་དྲན་སྐུལ་གནང་སོང་།
སྤྱི་ལོ་༢༠༡༤་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། རྒྱ་གར་གྱི་ཕྲུ་གུའི་ཐོབ་ཐང་འཐབ་རྩོད་མཁན་ཀེ་ལ་ཤ་སཱཏྱ་ཏི་མཆོག་གིས། བྱིས་པའི་བགོ་སྐལ་ཆེད་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་དེ། སྤྱི་ལོ་༢༠༡༦་ལོ་ནས་གསར་འཛུགས་ཀྱིས། ཕྲུ་གུ་ངལ་རྩོལ་དང་བྲན་དུ་བཀོལ་བ། ཚོང་རྫས་སུ་སྤྱོད་པ་དང་དམག་མི་ལ་བཙན་གྱིས་བསྐྱེད་སྲིང་བྱེད་པ་སོགས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་མེད་པར་བཟོས་དགོས་པའི་ཐག་གཅོད་གནང་ཆེད་འབད་བརྩོན་གནང་གི་ཡོད་ཅིང་། ད་ལན་གྱི་ལྷན་ཚོགས་སུ་གསུང་བཤད་གནང་བར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་། ཇོར་ཌན་གྱི་རྒྱལ་སྲས་ཨ་ལི་བྷེན་ཧ་སན་མཆོག སི་ཝེ་ཌན་གྱི་སྲིད་བློན་སི་ཁྲེ་ཧྥན་ལོ་ཧྥེན་སོགས་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བ་དང་། བྱིས་པའི་ཐོབ་ཐང་རྩོད་ལེན་པ་དང་ཤེས་ཡོན་སློབ་གསོ་ཆེད་མཁས་པ་སོགས་མི་སྣ་གྲགས་ཅན་མང་པོ་ཞིག་མཉམ་ཞུགས་གནང་གི་ཡོད་པ་རེད།