འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ཐོག་ཕན་ཚུན་བསམ་ཤེས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་འཚོལ་དགོས། ༧གོང་ས་མཆོག་གིས།

༧གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་པ་དང་ཕན་ཚུན་འཁྲུག་རྩོད་བྱེད་མི་རུང་བའི་བཀའ་སློབ་ཕེབས་པ་དེ་ད་ལྟའི་ཡོ་རོབ་ཀྱི་གནས་སྟངས་ལ་ཧ་ཅང་མཁོ་གལ་ཆེན་པོ་རེད་ཅེས་ནུབ་ཕྱོགས་པ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་མཁན་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མི་རིགས་དང་ནུབ་ཕྱོགས་པ་ཁག་ཅིག་ལ་མཇལ་ཁ་བསྩལ་གནང་མཛད་སྐབས། ༠༦།༢༦།༢༠༢༣ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཟླ་༦པའི་ཚེས་༢༦ཉིན། ཨ་མི་རི་ཀའི་(Harvard Kennedy School)་ཧར་ཝར་ཌི་གཙུག་ལག་སློབ་ཆེན་དང་། (The Fletcher School)་གཙུག་ལག་སློབ་གྲྭ་སོགས་ནས་སློབ་གཉེར་ཐོན་པའི་རྒྱ་གར་མི་རིགས་དང་། ནུབ་ཕྱོགས་པ་ཁག་ཅིག་ལ་མཇལ་ཁ་བསྩལ་གནང་མཛད་སྐབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེ་བ་དང་། ཕན་ཚུན་བསམ་ཤེས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་འཚོལ་དགོས་པ། དེ་བཞིན་འགྲོ་བ་མི་ནང་ཁུལ་ཕན་ཚུན་འཁྲུག་རྩོད་བྱེད་མི་རུང་བ་སོགས་ཀྱི་བཀའ་སློབ་སྩལ་འདུག་པར། ཡོ་རོབ་འཇར་མན་ནས་ཡིན་པ་དང་ཨ་མི་རི་ཀའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་ནས་ཐོན་པ། ཇོ་ལི་ཡ་ཁོན་ར་ཌ་ལགས་ཀྱིས། དེ་རིང་༧གོང་ས་མཆོག་གིས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཆ་ནས། དམག་འཁྲུག་མཚམས་འཇོག་བྱེད་དགོས་སྐོར་ང་ཚོར་བཀའ་གནང་བ་དེ། སོ་སོ་ཡོ་རོབ་ཀྱི་མི་རིགས་ཤིག་ཡིན་པ་དང་ད་ལྟ་ཡོ་རོབ་ནང་བྱུང་བཞིན་པའི་དམག་འཁྲུག་ལ་ལྟོས་ཏེ་བཀའ་སློབ་དེ་ཧ་ཅང་མཁོ་གལ་དང་གནད་འགག་ཆགས་པར་མཐོང་བ་མ་ཟད། གནམ་གཤིས་འགྱུར་ལྡོག་གི་གལ་གནད་དང་ང་ཚོ་ཚང་མ་ཐུན་མོང་ལ་གོ་ལ་འདི་གཅིག་པུ་ལས་མེད་པར་བརྟེན། འདི་ལ་ཚང་མས་མཉམ་རུབ་སྲུང་སྐྱོབ་བྱ་དགོས་པར་གསུངས་པ་དེ་ཧ་ཅང་གནད་འགག་དང་སེམས་ལ་ཟུག་པོ་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།


གཞན་ཡང་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གྲྭ་ནས་ཡིན་པ་རྒྱ་གར་མི་རིགས་ཨར་ཝུན་ཨེབ་ར་ཧམ་ལགས་ཀྱིས། རྒྱ་གར་གཞུང་གི་ཆོས་རིག་ལྷན་ཁང་གི་ཐོག་ནས་བོད་ཀྱི་རིག་གཞུང་གོམས་གཤིས་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་དོན་དང་རྒྱབ་སྐྱོར་མང་ཙམ་གནང་དགོས་པར་མཐོང་གི་ཡོད་པ་ཆབས་ཅིག་ཏུ། རྒྱ་གར་ནང་སྤྱི་ཡོངས་ཀྱི་དོ་སྣང་གང་འཚམས་ཡོད་པ་བཞིན་གང་ཐུབ་གོ་རྟོགས་སྤེལ་གལ་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་སོང་།
རྒྱ་གར་མི་རིགས་ཡིན་པ་དང་ཨ་མི་རི་ཀའི་(The Fletcher School)་སློབ་གྲྭ་ནས་ཡིན་པ་(Katyayinee Richhariya)་ལགས་ནས་ཀྱང་། ༧གོང་ས་མཆོག་གིས་ང་ཚོ་མི་རེ་ངོ་རེ་ཡིས་འགན་ཁུར་བླངས་ཏེ། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པ་མ་གཏོགས། ང་ཚོ་གོ་ལ་གཞན་ཞིག་ཏུ་གནས་སྤར་ཏེ་འགྲོ་བ་མི་འཆམ་མཐུན་མཉམ་གནས་ཡོང་བར་འབད་བརྩོན་བྱ་དགོས་དོན་མེད་པར་བཀའ་གནང་བ་འགྲེལ་བརྗོད་གནང་སོང་།
ཨ་མི་རི་ཀའི་ཧར་ཝར་ཌིའི་སློབ་ཕྲུག་ཕོ་མོ་༡༥ཡོད་པའི་རུ་ཁག་དེ། བོད་མིའི་རིག་གཞུང་དང་སྤྱི་ཚོགས། ལོ་རྒྱུས་དང་གཞུང་གི་གནས་བབ་སོགས་ཤེས་ཡོན་གོ་རྟོགས་ཆེད་ཡོང་བར་བརྟེན། བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ནས་སྣེ་ཤན་གནང་བ་བརྒྱུད། བོད་ཀྱི་འགྲེམ་སྟོན་ཚན་པ་དང་། གངས་ཅན་སྐྱིད་གཤོངས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་ནོར་བུ་གླིང་ག་སོགས་སུ་ཕེབས་ནས་གཟིགས་སྐོར་རྒྱུས་ལོན་གནང་གི་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org