བྱམས་སྙིང་རྗེ་ནི་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཡོད་པའི་བཟང་པོའི་ཡོན་ཏན་ཡིན། ༧གོང་ས་མཆོག་གིས།

བྱམས་སྙིང་རྗེ་ནི་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཡོད་པའི་བཟང་པོའི་ཡོན་ཏན་ཞིག་ཡིན་པ་སེང་གྷ་པུར་གྱི་ཚོགས་པ་ཞིག་ལ་མཇལ་ཁའི་སྐབས་༧གོང་ས་མཆོག་གིས་བཀའ་གནང་འདུག

སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༠༤།༢༢།༢༠༢༢ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སེང་གྷ་པུར་རྟེན་གཞི་བྱས་པའི་བོད་ཀྱི་ནང་བསྟན་ལྟེ་གནས་ཁང་(Tibetan Buddhist Centre)་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཟླའི་ཚེས་༦ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ལྟེ་གནས་ཁང་དེ་ནས་ཕེབས་པའི་མི་གྲངས་༢༥ལས་གྲུབ་པའི་ཚོགས་ཆུང་ཞིག་ལ་༧གོང་ས་མཆོག་ནས་མཇལ་ཁ་དང་བཀའ་སློབབསྩལ་ཡོད་པ་རེད།
སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བྱམས་སྙིང་རྗེ་ནི་ཆོས་ལུགས་ནས་བྱུང་བའི་བསླབ་བྱ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཡོད་པའི་བཟང་པོའི་ཡོན་ཏན་ཞིག་ཆགས་ཡོད་པས། རྒྱུན་དུ་ནས་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་ཉམས་ལེན་བྱེད་རྒྱུའི་གལ་གནད་སོགས་ཀྱི་སྐོར་བཀའ་སློབ་ཕེབས་འདུག
མཇལ་ཁ་གྲུབ་མཚམས་སུ་སེང་གྷ་པུར་ནས་ཡིན་པའི་སྐུ་ཞབས་(Edmund)་ལགས་ཀྱིས་གསར་འགོད་པ་ཚོར་གསུངས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྟག་ཏུ་བྱམས་སྙིང་རྗེ་དང་། སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་གི་ཡོད་པའི་ཁར། བཟང་སྤྱོད་ལྡན་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཕན་ཡོན་སོགས་ཀྱི་སྐོར་བཀའ་སློབ་ཕེབས་སོང་ལ། ང་ཚོའི་ངོས་ནས་ཀྱང་། ཁོང་གི་དགོངས་གཞི་ལྟར་གང་ཐུབ་ཀྱིས་ཉིན་རེ་བཞིན་བྱམས་བརྩེ་ཉམས་ལེན་དང་དེ་སྤྱི་ཚོགས་ནང་སྤེལ་ཐབས་བྱ་རྒྱུ་ཡིན་ཟེར།


ཡང་ལྟེ་གནས་ཁང་དེ་ཉིད་ཀྱི་ཚོགས་མི་སྐུ་ཞབས་(Edmund)་ལགས་ཀྱིས། དེ་སྔ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་དེ་མེད་པའི་སྐབས། ལྟེ་གནས་ཁང་དེ་ཉིད་ཀྱིས་གོ་སྒྲིག་འོག་འདས་པའི་ལོ་མང་པོའི་རིང་༧གོང་ས་མཆོག་ནས་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོར་གཙོ་བོ་དམིགས་ཏེ་ཆོས་འབྲེལ་གྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་ཡོད་པ་དེ་དག་ནི་ཧ་ཅང་སྐལ་བ་བཟང་ཞིང་། ཕྱིས་སུ་ནད་ཡམས་དེ་ཁྱབ་ནས་བཟུང་དེ་ལྟར་ཆོས་འབྲེལ་གོ་སྐབས་བྱུང་མེད་པར་རྟེན། ད་རེས་ལྟེ་གནས་ཁང་དེ་ཉིད་ཀྱི་ཚོགས་མི་དང་། སྦྱིན་བདག དེ་བཞིན་དྭང་བླངས་པ་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་ཆེད་མངགས་བཞུགས་སྒར་དུ་ཕེབས་པ་ཡིན་གསུངས་བྱུང་།
སེང་གྷ་པུར་ནང་རྟེན་གཞི་བྱས་པའི་བོད་ཀྱི་ནང་བསྟན་ལྟེ་གནས་ཁང་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་བཞིན་སྤྱི་ལོ་༢༠༠༦ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་ནང་པའི་གཞུང་ལུགས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དང་། བོད་ཀྱི་རིག་གཞུང་གོང་འཕེལ་གཏོང་རྒྱུ་སོགས་ཡིན་འདུག
ད་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུ་མཁན་མི་ཉུང་ཞིག་བྱུང་བཞིན་ཡོད་པར་བརྟེན། མཇལ་ཁ་ཞུ་མཁན་སུ་འདྲ་ཞིག་ཡིན་རུང་། ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་རྒྱབ་ཟིན་པའི་ངོས་སྦྱོར་དང་། ནད་རྟགས་མེད་པའི་དཔང་ཡིག་དང་མཉམ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་འབྱོར་ཐོ་བཀོད་པའི་རྗེས། སླར་ཡང་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ཚན་པ་ནས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་སྟེ། ནད་ཡམས་སྔོན་འགོག་ཚོད་འཛིན་ཆ་ཚང་གནང་བའི་སྒོ་ནས་མཇལ་ཁར་གཏོང་གི་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org